ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བ།

2024.02.16
ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བ།
Photo: RFA

ཟླ་བ་འདིའི་ཕྱི་ཚེས་༡༧ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་མི་ལོ༥༠འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བ་དང་བསྟུན་ནས་གཞིས་ཆགས་དེ་ཐོག་མར་གསར་བཙུགས་གནང་སྐབས་ཀྱི་གནས་སྟངས་དང་གཞིས་ཆགས་དེ་གསར་བཙུགས་བྱས་ནས་ད་བར་འགྱུར་བའི་འཕེལ་རིམ་སོགས་ཀྱི་སྐོར་གཞིས་ཆགས་དེ་བཙུགས་སྐབས་ནས་ད་བར་ལས་དོན་འདྲ་མིན་གཉེར་བའི་རྒན་རབས་གཉིས་ལ་བཀའ་འདྲི་ཞུ་སྐབས་ཐོག་མར་གཞིས་ཆགས་དེ་བཞིན་ཕྱི་ལོ་༡༩༧༤ཟླ་༤ཚེས་༢༧ཉིན་རྒྱ་གར་བྱང་ཤར་སྒང་ཏོག་ཁུལ་ནས་བོད་མི་ལམ་བཟོ་རྒྱུགས་མཁན་༥༠༠ཙམ་ཞིག་གཞིས་ཁུངས་དེའི་ནང་གནས་སྤོས་གནང་བའི་ཁོངས་སུ་བཀྲིས་ཚེ་རིང་གཅིག་ཡིན་ཅིང་། ཁོང་ནི་ད་ལྟའི་ཆར་དོན་ལྡན་གླིང་ས་གནས་འཐུས་ཚོགས་ཀྱི་ཚོགས་དྲུང་གི་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁོང་གི་གཙོས་པས་སྒང་ཏོག་ནས་བོད་མི་རྣམས་གཞིས་ཆགས་དེའི་ནང་འབྱོར་སྐབས་སུ་ས་ཆ་གསར་པ་དང་། སྐད་ཀྱི་གོ་བརྡ་མ་འཕྲོད་པའི་དཀའ་ངལ་བྱུང་སྐོར་སོགས་གསུང་གནང་བྱུང་། དེ་རྗེས་ཕྱི་ལོ་༡༩༧༥ཟླ་༣པའི་ནང་ཀུ་ལུ་མ་ན་ལི་ནས་བོད་མི་ལམ་བཟོ་བ་༡༠༠༠ཙམ་ཞིག་ཀོ་ལེ་གྷལ་དོན་ལྡན་གླིང་དུ་གནས་སྤོས་གནང་བའི་ཁོངས་སུ་ད་ལྟའི་ཆར་དོན་ལྡན་གླིང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་ཚེ་དབང་བསོད་ནམས་ལགས་ཀྱི་གསུང་དོན་ལྟར་ན། སྐབས་དེར་རྒྱ་གར་དབུས་དང་ས་གནས་གཞུང་ནས་ཤིང་ནགས་གཅོད་བྲེགས་ཀྱི་བོད་མི་རྣམས་སྡོད་ཁང་རྒྱག་གནང་བ་སོགས་རོགས་སྐྱོར་གནང་ཡོད་སྐོར་གསུང་གནང་བྱུང་། དེ་རྗེས་གཞིས་ཆགས་ཀྱི་ནང་བོད་མི་སྔ་རྗེས་རིམ་པས་འབྱོར་ཏེ་ཁྱོན་གཞིས་ཆགས་དེའི་ནང་ཐོག་མའི་ཆར་བོད་མི་ཁྱོན་བསྡོམས་༣༥༠༠ཡས་མས་ཡོད་པ་རྣམས་ལ་རྒྱ་གར་གཞུང་ནས་བོད་མི་རྣམས་ལ་འཚོ་རྟེན་གྱི་ཆེད་ས་ཞིང་ཨེ་ཀར་༣༡༢༡གནང་བ་དང་། རིམ་པས་སློབ་གྲྭ་གསར་བཙུགས་གནང་ཞིང་བོད་མི་རྣམས་ནས་ས་ཞིང་འདེབས་ལས་དང་གོ་ཕྱུགས་གསོ་སྐྱོང་སོགས་ཀྱི་ལས་དོན་གཉེར་ཡོད་ཀྱང་། རྒྱ་གར་ནས་ཨ་རིར་བོད་མི་ཆིག་སྟོང་ཕྱིན་པ་རྗེས་སུ་གཞིས་ཆགས་ཁག་གཞན་དང་གཅིག་མཚུངས་ཀྱི་དོན་ལྡན་གླིང་གཞིས་ཆགས་ཀྱི་ནང་འགྱུར་བ་ཤུགས་ཆེ་ཕྱིན་ཡོད་སྐོར་བཀྲིས་ཚེ་རིང་ལགས་ཀྱི་གསུང་གནང་བྱུང་། དེ་མཚུངས་ཚེ་དབང་བསོད་ནམས་ལགས་ཀྱི་གསུངས་པ་ལྟར་ན། གཞིས་ཆགས་ནང་ཡར་རྒྱས་ཕྱིན་པའི་གནས་སྟངས་དེ་ནི། གཙོ་བོ་ཕྱི་རྒྱལ་ནང་ཡོད་པའི་རང་གི་ནང་མི་ཉེ་འབྲེལ་སོགས་ཀྱི་རོགས་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ལས་གཞིས་ཆགས་ཀྱི་རང་གི་ཐོག་ནས་ཡར་རྒྱས་ཕྱིན་པ་ཞིག་མིན་པར་སོང་མ་འོངས་པར་གཞིས་ཆགས་སྲ་བརྟན་གྱི་ཆེད་ཡོང་འབབ་ལྡན་པའི་ལས་གཞི་འཆར་འགོད་དགོས་སྐོར་གསུང་གནང་གི་འདུག གཞིས་རྩའི་རྒྱ་གར་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་དེ་ནི་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ཅམ་རཱཇ་ན་གར་རྫོངས་ཁོངས་སུ་ཆགས་ཡོད་པ་དང་། གཞིས་ཆགས་དེ་ནང་ཐོག་མའི་ཆར་ཁྱོན་བསྡོམས་བོད་མི་༣༥༠༠ཡས་མས་ཞིག་ལ་རྒྱ་གར་གཞུང་ནས་ས་ཆའི་རྒྱ་ཁྱོན་ཨེ་ཀར་༣༡༢༡གནང་ཡོད་པ་ལས་ཨེ་ཀར་༢༤༩༥ས་ཞིང་འདེབས་ལས་ཆེད་ཡིན་པ་རེད་འདུག དེ་སྔོན་དང་བསྡུར་བ་ཡིན་ན་བོད་མི་ས་ཞིང་འདེབས་ལས་བྱེད་མཁན་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་ལས་ཆར་ཆུ་ཁོ་ན་ལ་བརྟེན་ནས་ས་ཞིང་འདེབས་ལས་བྱེད་མཁན་ཨེ་ཀར་ཉིས་བརྒྱ་མ་ཟིན་ཙམ་ཞིག་དང་ཞིང་ཆུ་འདྲེན་གཏོང་གི་ལམ་ནས་ས་ཞིང་འདེབས་ལས་བྱེད་མཁན་བརྒྱ་སྐོར་མ་ཟིན་པ་ཙམ་ཡོད་པ་རེད་འདུག གཞིས་ཆགས་དེའི་ནང་རང་དབང་བདེན་པའི་ཚོགས་ཆུང་། གྲོང་སྡེ་༢༢དང་། དགོན་སྡེ་ཁག་བཅུ་དང་། སློབ་གྲྭ་གཅིག་དང་བུ་བཅོལ་ཁང་གསུམ་དང་སྨན་རྩིས་དང་འཕྲོད་བསྟེན་དང་དེ་བཞིན་ས་གནས་གཞོན་ནུདང་། བེུད་ཚོགས་པ། དྭང་ཟུར་དང་རྩེད་འགྲན་དང་ལྷ་མོའི་རུ་ཁག་བཅས་ཚོགས་སྡེ་ཁག་འདྲ་མིན་ཞིག་ཡོད་པ་རེད་འདུག།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎