རྒྱ་ནག་གིས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་པ་འབོད་འགུག་དང་འདྲི་རྩད།


2019.01.25
བོད་མི་ཚོས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་བྱེད་བཞིན་པ། ༢༠༡༩།༡ བོད་མི་ཚོས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་བྱེད་བཞིན་པ། ༢༠༡༩།༡
བོད་འབྱོར།

རྒྱ་ནག་གི་ཉེན་རྟོག་པས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་པ་དངས་བླངས་བོད་མི་ཁག་གཅིག་འབོད་འགུག་གིས་འདྲི་རྩད་བྱས་འདུག
དེ་ཡང་༢༠༡༩ ཕྱི་ཟླ་ ༡ པོའི་ནང་མཚོ་སྔོན་ཞིང་ཆེན་ཁོངས་མཚོ་སྔོན་པོའི་མཚོ་ཁའི་རྒྱ་ནག་གི་ས་གནས་ཉ་སྲུང་དོ་དམ་ལས་ཁུངས་དང་། ཉེན་རྟོག་ལས་ཁུངས་བཅས་ནས་མཚོ་སྔོན་པོ་ཅང་ཞི་ཁུག་གི་མཐར་ཡོད་པའི་འབྲོག་སྡེ་དག་གི་མང་ཚོགས་གསེར་ཉ་སྲུང་སྐྱོབ་པ་དངས་བླངས་བོད་མི་ཁག་གཅིག་འབོད་འགུག་གིས་འདྲི་རྩད་བྱས་ཡོད་པ་ས་གནས་ཡུལ་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད།
བདེ་འཇགས་ཀྱི་ཆེད་མིང་འབོད་མ་བྱས་པའི་བོད་ནང་གི་བོད་མི་དེས་ང་ཚོ་མཚོ་སྲུང་དངས་བླངས་བ་རྣམས་ཀྱིས་ཉིན་མཚན་གཉིས་ལ་མཚོ་སྔོན་པོའི་མཚོ་ཁ་ནས་ཉ་འཛིན་མ་བཅུག་པར་སྲུང་སྐྱོབ་བྱས་ནས་ཉ་རྒྱ་དང་ཉ་འཛིན་མཁན་རྣམས་ས་གནས་ཉེན་རྟོག་ཁང་ལ་རྩིས་སྤྲོད་བྱེད་བཞིན་ཡོད། ད་ཆ་དངས་བླངས་མང་ཚོགས་ཁག་གཅིག་ཉེན་རྟོག་ཁང་དུ་འབོད་འགུག་གིས་འདྲི་རྩད་སྣ་ཚོགས་བྱས་དང་བྱེད་བཞིན་པ་དང་།  བོད་ཕྱི་ལོགས་སུ་ཡོད་པའི་མི་ལ་འབྲེལ་བ་བྱེད་མི་ཉན་པ་དང་ལྷག་པར་དུ་འདྲ་པར་དང་བརྙན་ཐུང་སོགས་བརྒྱུད་བསྐུར་བྱེད་མི་ཉན་པར་དམ་དྲག་དང་བཀག་སྡོམ་ཆེན་པོ་བྱེད་བཞིན་པ་བརྗོད་འདུག
རྒྱ་ནག་གིས་མཚོ་སྔོན་པོའི་གསེར་ཉ་ནི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཞག་ཡོད་པ་མ་ཟད་མཚོ་མཐའ་རུ་ཡོད་པའི་གཞུང་ལམ་འགྲམ་རེ་ཟུང་ན་གསེར་ཉ་འཛིན་བཟུང་བྱེད་མི་ཉན་པའི་སྦྱར་ཡིག་ཀྱང་སྦྱར་ཡོད་འདུག  འོན་ཀྱང་ཉ་འཛིན་པ་ཡོད་པར་མ་ཟད་རྒྱ་ནག་གི་ཉེན་རྟོག་པས་ཉ་འཛིན་པར་དོ་དམ་བྱེད་པའི་ཚབ་ཏུ་བོད་མི་ཉ་འཛིན་བཀག་འགོག་བྱེད་མཁན་གྱི་དངས་བླངས་བ་ཚོར་དོ་དམ་བྱེད་བཞིན་ཡོད་པ་བོད་ནས་བོད་མིས་འགྲེལ་བརྗོད་གནང་ཡོད་པ་རེད།  བོད་མི་ཚོས་ནི་མཚོ་སྔོན་པོ་ནི་ཆོས་ཕྱོགས་ནས་གལ་ཆེན་བརྩི་སྲོལ་ཡོད་སྟབས་མཚོ་སྲུང་སྐྱོབ་དང་གསེར་ཉ་སྲུང་སྐྱོབ་ཀྱི་དངས་བླངས་ལས་དོན་སྒྲུབ་བཞིན་ཡོད་པ་རེད།
རྒྱ་ནག་གི་གསར་འགྱུར་ནང་། མཚོ་སྔོན་ཕྱོགས་ཀྱི་ས་གནས་སྲིད་གཞུང་གིས་གསེར་ཉ་སྲུང་སྐྱོབ་ཀྱི་ཐད་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་བཞིན་ཡོད་པ་མ་ཟད་ས་གནས་ཡུལ་མི་ཚོས་ཀྱང་གསེར་ཉ་སྲུང་སྐྱོབ་ཐད་ལ་རང་ནུས་ཡོད་དགུ་བཏོན་ཏེ་སྲུང་སྐྱོབ་བྱས་དང་བྱེད་བཞིན་ཡོད་པ་དང་། ༢༠༡༦་ལོར་ཞིང་ཆེན་ཉ་རིགས་དོ་དམ་སྤྱིའི་ས་ཚིགས་ཀྱིས་བསྡོམས་པས་གསེར་ཉ་དང་འབྲེལ་བའི་གྱོད་གཞི་སོ་བདུན་ཐག་གཅོད་བྱས་པ་སོགས་འཁོད་འདུག
མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གཉིས་ཀྱི་བར་དུ་གནས་ཤིང་། མཚོའི་མཐའི་རིང་ཚད་ལ་སྤྱི་ལེ་སུམ་བརྒྱ་དྲུག་ཅུ་ཡོད་པའི་བོད་ནང་གི་མཚོ་ཆེ་ཤོས་དེ་ཡིན་པ་རེད།

གསར་འགོད་པ་ཀུན་བཟང་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎