རྒྱ་ནག་གཞུང་གིས་ཀིརྟིའི་དགོན་པ་གཉིས་ཀྱི་གྲྭ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་གཏོང་བཅུག་གི་ཡོད་འདུག

2024.07.02
རྒྱ་ནག་གཞུང་གིས་ཀིརྟིའི་དགོན་པ་གཉིས་ཀྱི་གྲྭ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་གཏོང་བཅུག་གི་ཡོད་འདུག མཛོད་དགེ་སྟག་ཚང་ལྷ་མོ་ཀིརྟི་དགོན། ༼ཟླ་ཚེས་མི་གསལ
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༧ ་པ་ནས་བཟུང་རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་རྔ་བ་ཀིརྟི་དགོན་དང་མཛོད་དགེ་རྫོང་ལྷ་མོ་ཀིརྟི་དགོན་གཉིས་ནས། དགོན་པའི་ཆེད་གཉེར་གནང་བཞིན་པའི་ནང་བསྟན་སློབ་གྲྭའི་གྲྭ་བ་ལོ་ཆུང་ཚོ་ལོ་ན་སོན་མེད་སྐོར་བརྗོད་ནས། སློབ་གྲྭ་ཕྱིར་ཚོགས་མི་བཅུག་པ་དང་། གྲྭ་རྒྱུན་ཕྱིར་དགོན་པར་ཡོང་མི་བཅུག་པར་བཙན་ཐབས་ཀྱིས་རྒྱ་ནག་གཞུང་གཉེར་གཏན་འཇགས་སློབ་གྲྭའི་ནང་གཏོང་དགོས་པའི་བཙན་ཐབས་དང་། དགོན་པའི་སློབ་ཕྲུག་ཚོའི་ཕ་མ་དང་ནང་མི་མང་པོར་ཚོགས་འདུ་འཚོགས་ཏེ་ཕྲུ་གུ་དགོན་པའི་ནང་སྐྱེལ་མི་ཆོག་པའི་ཆབ་སྲིད་སློབ་གསོ་སྤེལ་བཞིན་པ་དང་། དགོན་པ་ཉེན་རྟོག་པས་སྐོར་སྲུང་འོག་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། རྔ་བ་ཀིརྟི་དགོན་དུ་དེ་སྔ་ནས་དགོན་པའི་སློབ་གྲྭ་ཚོགས་མི་ཆོག་པའི་དཀའ་ངལ་རིམ་པར་འཕྲད་ན་ཡང་། ད་བར་ཞིང་ཆེན་དང་རྫོང་རིམ་པ་བྱས་ཏེ་རེ་སྐུལ་དང་ཐབས་ཤེས་སྣ་ཚོགས་འོག་ཚོགས་ཐུབ་ཙམ་བྱུང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ ནས་བཟུང་ཞིང་ཆེན་ནས་དགོན་པའི་སློབ་གྲྭའི་ནང་གི་གྲྭ་ཆུང་ཚོ་ལོ་ན་བཅོ་བརྒྱད་སོན་མེད་སྟབས། གཞུང་གི་སློབ་གྲྭ་ཁག་ཏུ་གཏོང་དགོས་པའི་བཀོད་ཁྱབ་ལག་བསྟར་བ་རྒྱུ་ཡིན་སྐོར་བརྗོད་པར། རྔ་བ་ཀིརྟི་དགོན་པས་སྲིད་གཞུང་གི་འགན་འཁུར་འོག་ལག་བསྟར་བྱེད་པ་ལས། ང་ཚོའི་ངོས་ནས་གྲྭ་ཆུང་ཚོ་སློབ་གྲྭར་ཡོང་བ་ཡིན་ན་ཕྱིར་ཕུད་གཏོང་ཐུབ་ཀྱི་མེད་སྐོར་བརྗོད་པར་བརྟེན། ཕྱི་ཟླ་ ༦ ནང་དགོན་པ་ཆོས་མཚམས་ལ་བཏང་རྗེས་གོ་སྐབས་དེ་དང་བསྟུན། སློབ་ཕྲུག་གི་ཕ་མ་ཚོར་ཕྲུ་གུ་དགོན་པའི་སློབ་གྲྭར་གཏོང་མི་ཆོག་པའི་བཙན་བཀའ་གཏོང་བ་དང་། དགོན་པའི་ནང་བསྟན་སློབ་གྲྭའི་གྲྭ་ཆུང་ ༡༠༠༠ ལྷག་ཡོད་པ་ཚང་མ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭ་ཁག་ཏུ་གཏོང་དགོས་པའི་བཙན་ཐབས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ནང་གི་དགོན་སྡེ་ཁག་གི་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ལ་དམ་དྲག་དང་། དགོན་པ་ཁག་ཏུ་གྲྭ་རྒྱུན་ཞུགས་པར་བཀག་བསྡོམས་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། ཡང་གོང་ཞུས་འབྲེལ་ཡོད་གཞན་དེས། ལྷ་མོ་ཀིརྟི་དགོན་གྱི་སློབ་གྲྭའི་གྲྭ་ཆུང་ཚོ་ཡང་ཕྱིར་ཚོགས་བཅུག་གི་མེད་པར་བཀག་བསྡོམས་འོག་ཡོད་པ་མ་ཟད། ཕྱི་ཟླ་ ༧ ནང་སློབ་གྲྭ་ཕྱིར་ཚོགས་ལ་ཉེ་བ་དང་བསྟུན་རྒྱ་ནག་གཞུང་ངོས་ནས་དགོན་པའི་དོ་དམ་མི་སྣ་ཚོ་དང་ཚོགས་འདུ་རིམ་པར་ཚོགས་ཏེ། སློབ་ཕྲུག་ ༦༠༠ ལྷག་ཡོད་པ་ཚང་མ་ཕྱིར་དགོན་པར་ཁྲིད་ཡོང་མི་ཆོག་པར་གཞུང་གཉེར་སློབ་གྲྭར་འགྲོ་བཅུག་དགོས་སྐོར་བརྗོད་བཞིན་ཡོད་པ་དང་། ཕ་མ་དང་ཕྲུ་གུའི་ངོས་ནས་མུ་མཐུད་དགོན་པའི་སློབ་གྲྭར་ཡོང་ཐུབ་ཐབས་ལ་འབད་བཞིན་ཡོད་ན་ཡང་། དགོན་པའི་སྒོ་ཆེན་སོགས་ཉེན་རྟོགས་པས་སོ་སྲུང་འོག་ཞིབ་བཤེར་དང་མི་སྣ་གང་བྱུང་འགྲོ་སྐྱོད་མི་བཅུག་པའི་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པ་འགྲེལ་བརྗོད་གནང་བྱུང་།

སྤྱིར་དེང་སྐབས་རྒྱ་ནག་གཞུང་ངོས་ནས་མདོ་སྨད་ཕྱོགས་ཀྱི་དགོན་སྡེ་མང་དག་ཅིག་ཏུ་གྲྭ་རྒྱུན་གསར་ཞུགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་དེང་སྐབས་རྔ་བ་སྣང་ཞུགས་དགོན་དང་། སྒོ་མང་དགོན། རྨ་ཆུ་རྫོང་མཚན་སྒྲོགས་དགོན། བསང་ཆུ་རྫོང་བླ་བྲང་དགོན་སོགས་སུ་གྲྭ་རྒྱུན་གསར་ཞུགས་མི་ཆོག་པའི་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། དགོན་པ་ལ་ཤས་སུ་ལོ་ན་མ་སོན་པའི་གྲྭ་བ་གསར་ཞུགས་བྱས་པ་ཡིན་ན་དགོན་པ་སྒོ་རྒྱག་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱེད་བཞིན་ཡོད་འདུག ཡང་འབྲེལ་ཡོད་བོད་མི་ཞིག་ནས་ཀིརྟི་དགོན་པའི་སློབ་གྲྭའི་གྲྭ་ཕྲུག་ཚང་མ་ཕ་མ་དང་རང་ངོས་ནས་འདོད་མོས་བཞིན་ཡོང་བ་ལས། དགོན་པའི་བཙན་ཐབས་ཀྱིས་བསྡུས་པ་ལྟ་བུ་མིན་པས། རྒྱ་ནག་གི་ཁྲིམས་དང་འགལ་བ་གང་ཡང་བྱུང་མེད་ན་ཡང་། རྒྱ་ནག་གཞུང་ངོས་ནས་གཙོ་བོ་གྲྭ་རྒྱུན་གསར་ཞུགས་སོགས་ཀྱི་རྒྱབ་ལོགས་ན་ཀིརྟི་རིན་པོ་ཆེའི་བཀོད་ཁྱབ་ཡོད་པའི་དོགས་གཞི་བྱེད་བཞིན་ཡོད་པ་དང་། སློབ་གྲྭའི་གྲྭ་ཆུང་ཚོ་ལོ་ན་ ༦ ནས་ ༡༥ བར་རྐྱང་ཡིན་པ་སོགས་འགྲེལ་བརྗོད་གནང་གི་འདུག

རྔ་བ་ཀིརྟི་དགོན་དང་མཛོད་དགེ་ལྷ་མོ་ཀིརྟི་དགོན་གཉིས་སུ་ ༡༩༩༤ ནས་ནང་བསྟན་སློབ་གྲྭ་ཆེད་འཛུགས་བྱས་ཡོད་པ་དང་། རྗེས་སུ་ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་སྒོ་བརྒྱབ་བཅུག་ཡོད་པ་དང་། ཕྱིས་སུ་རྒྱ་ནག་གཞུང་ངོས་ནས་ངོས་ལེན་ཡོད་པའི་ཐོག་ནས་དགོན་པའི་ནང་གཞུང་དང་མཉམ་འབྲེལ་ངང་སློབ་ཆུང་གི་ངོ་བོའི་ཐོག་ནས། གཞུང་གཉེར་སློབ་དེབ་ཁག་ཅིག་བཅུག་སྟེ་སློབ་གྲྭ་ཚོགས་བཅུག་ཡོད་ན་ཡང་། རྒྱ་ནག་གཞུང་གིས་དེ་སྔ་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་། ཀིརྟི་དགོན་ཁག་ལ་དམ་དྲག་ཤུགས་ཆེར་བྱེད་མགོ་ཚུགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོའི་རྗེས་ནས་ལྷ་མོ་ཀིརྟི་དགོན་གྱི་དེ་སྔའི་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་བཅུག་སྟེ་བཞག་ལྡོམ་ཡུལ་ཚོའི་གཞུང་གཉེར་སློབ་གྲྭའི་ནང་གནས་སྤོར་བྱས་ཡོད་པ་རེད་ལ། ལྷག་པར་དེང་སྐབས་ནང་བསྟན་རྒྱ་སྒྱུར་ཞེས་པའི་ལས་གཞིའི་འོག་དགོན་པ་ཁག་ཏུ་གྲྭ་རྒྱུན་གསར་ཞུགས་ལ་བཀག་འགོག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། རྔ་བ་སྣང་ཞུགས་དགོན་དང་རྨ་ཆུ་མཚན་སྒྲོགས་དགོན་སོགས་སུ་ལོ་ན་མ་སོན་པའི་གྲྭ་རྒྱུན་གསར་ཞུགས་མི་ཆོག་པའི་སྲིད་བྱུས་དེ་བཙན་ཐབས་ཀྱིས་ལག་བསྟར་དང་། སྒོ་མང་དགོན་པའི་ནང་འདི་ལོ་ནས་བཟུང་དངོས་སུ་ལག་བསྟར་བྱེད་དགོས་འཁེལ་ཡོད་པ་དང་། དགོན་པ་ཁག་ཏུ་རྒྱུན་པར་རྒྱ་ནག་གཞུང་འབྲེལ་མི་སྣ་ཡོང་སྟེ་ཆབ་སྲིད་སློབ་གསོ་སྤེལ་དགོས་སྐོར་བརྗོད་ནས་ཆོས་ཕྱོགས་ཀྱི་མཛད་རིམ་ལ་བར་ཆད་བཟོ་བ་སོགས་བྱེད་བཞིན་ཡོད་པ་རེད་འདུག

གསར་འགོད་པ། དཔལ་འབར།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། བདེ་སྐྱིད་ཀུན་སྒྲོལ།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎