རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཀླུ་སྒྲུབ་ལགས་བཙོན་གྲོལ་བཏང་ཡོད་ཀྱང་རྐང་པ་ཡ་གཅིག་ནད་གཞི་ཅན་དུ་གྱུར་ཡོད་འདུག

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ པའི་ཟླ་མགོར་རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཀླུ་སྒྲུབ་བམ་སྐྱ་མིང་ལ་རིན་ཆེན་དགོས་འདོད་ལགས། ལོ་ངོ་ ༣ དང་ཟླ་བ་ ༦ གི་བཙོན་མཇུག་དུས་ཡུན་རྗེས་ཀློད་གྲོལ་བཏང་ཡོད་ན་ཡང་། བཙོན་ཁང་དུ་ངལ་རྩོལ་ལ་བཀོལ་རྐྱེན་རྐང་པ་གཅིག་ནད་གཞི་ཅན་དུ་གྱུར་ཡོད་པ་དང་། ད་ལྟའི་ཆར་ཁོང་རང་ཁྱིམ་དུ་འབྱོར་ཡོད་ཀྱང་རྒྱུན་པར་རྔ་བ་རྨེ་རུ་མ་ཡུལ་ཚོའི་ཉེན་རྟོག་ཁང་དུ་ཆབ་སྲིད་སློབ་གསོའི་ཆེད་འབོད་འགུག་དང་འདྲི་རྩད་སོགས་བྱེད་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། དགེ་འདུན་པ་ཀླུ་སྒྲུབ་ལགས་རྒྱ་ནག་ཏེན་ཡང་བཙོན་ཁང་ནས་ཀློད་གྲོལ་བཏང་རྗེས། བདུན་ཕྲག་གཅིག་ལྷག་རིང་ཡུལ་ཚོའི་ཉེན་རྟོག་ཁང་དུ་ཆབ་སྲིད་སློབ་གསོའི་ཆེད་བཀག་ཉར་འོག་བཞག་སྟེ། བོད་ཀྱི་ལོ་སར་སྐབས་སོགས་སུ་ནང་མི་ཉེ་འབྲེལ་ཚོ་དང་ཐུག་འཕྲད་ཙམ་ལས་ནང་དུ་བཏང་མེད་སྐོར་བརྗོད་བྱུང་ལ། ད་ལྟའི་ཆར་ཁོང་གི་རྐང་པ་ཡ་གཅིག་ནད་གཞི་ཅན་དུ་གྱུར་ཡོད་པ་ཤེས་རྟོགས་ལས། གཟིགས་གཞི་སྤྱིའི་གནས་སྟངས་བརྟག་དཔྱད་བྱ་གཞིར་ལྷག་ཡོད་ཀྱང་། ཁོང་དེ་སྔ་རྒྱ་ནག་ཉེན་རྟོག་པར་བྲོས་བྱོལ་གྱིས་ཐོབ་ཐང་དཔང་ཡིག་སོགས་བོར་བརླགས་ཤོར་ཡོད་པས། ཡིག་ཆ་དེ་རིགས་མ་གཉེར་བར་སྨན་ཁང་དུ་བསྟེན་གཏུགས་དང་ཕར་འགྲོ་ཚུར་འགྲོ་ལ་དཀའ་ལས་ཡོད་སྐོར་བརྗོད་བྱུང་།
དགེ་འདུན་པ་ཀླུ་སྒྲུབ་བམ་རྒྱ་ནག་གཞུང་གི་སྤྲད་པའི་ཐོབ་ཐང་དཔང་ཡིག་ངོས་སུ་ཁོང་གི་སྐྱ་མིང་ལ་རིན་ཆེན་དགོས་འདོད་ཅེས་བྲིས་ཡོད་པ་དང་། ཁོང་དེ་སྔ་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྔ་བ་ཀིརྟི་དགོན་པའི་ནང་དུ། དགེ་འདུན་པ་ཕུན་ཚོགས་དང་། སྦྱིན་པ་སོགས་མཉམ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཐོག་མའི་གྲས་ཡིན་པ་དང་། རྗེས་སུ་ཁོང་རྒྱ་ནག་ཉེན་རྟོག་པར་གསང་བྲོས་ཀྱིས་རི་མགོ་སོགས་སུ་བསྡད་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་རྔ་བ་ཁུལ་སྤྱི་བདེ་ཉེན་རྟོག་ཕྱོགས་ནས་རྔ་བ་རྫོང་དུ་ཁྲིམས་འགལ་ཁྲོམ་སྐོར་དང་རྡུང་གཅོག་འཕྲོགས་བསྲེག་གི་ལས་ཀ་དང་འབྲེལ་བ་ཡོད་པ། ཉེན་ཅན་དོགས་གཞི་ཅན་རིན་ཆེན་དགོས་འདོད་ཀྱི་གནས་ཚུལ་མཁོ་སྤྲོད་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཡིན་པའི་བཀའ་རྒྱ་ཞེས་པ་ཞིག་ཀྱང་བཀྲམས་ཡོད་པ་རེད།
དགེ་འདུན་པ་ཀླུ་སྒྲུབ་ལགས་ནི་ཕྱི་ལོ་ ༡༩༧༠ རྔ་བ་རྨེ་རུ་མའི་རུ་ཆེན་བཞི་པའི་བསམ་བཟང་ཚང་དུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༨ ལོར་རྔ་བ་ཀིརྟི་དགོན་པའི་ཚོགས་ཆེན་འདུ་ཁང་མདུན་དུ། གྲྭ་མང་ཚོགས་ཚོགས་བཞིན་པ་དང་བསྟུན་དགེ་འདུན་པ་ཁག་ཅིག་དང་མཉམ་དུ་ངོ་རྒོལ་སྐད་འབོད་དང་བྱས་ཡོད་པ་རེད་ལ། རྗེས་སུ་རྒྱ་ནག་གཞུང་གིས་ངོ་རྒོལ་སྐད་འབོད་དེ་ཁྲིམས་འགལ་རྡུག་གཅོག་འཕྲོག་བསྲེག་དང་འབྲེལ་བ་ཡོད་སྐོར་བརྗོད་ནས་འཛིན་བཟུང་བྱས་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།