རྒྱ་གར་དབུས་གཞུང་ནང་སྲིད་བློན་ཆེན་གཞོན་པ་མཆོག་གིས་དོན་གྲུབ་གླིང་བོད་མིའི་གཞིས་སྒར་ནང་གཟིགས་སྐོར་གནང་འདུག
དེ་ཡང་སྤྱི་ལོ་༢༠༡༨ སྤྱི་ཟླ་༨་ཚེས་༢༤ ཉིན་དོན་གྲུབ་གླིང་གི་དྲུང་ཆེ་ཨོ་རྒྱན་འཇིགས་མེད་ལགས་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་(Kiren Rijiju)མཆོག་དང་མཇལ་འཕྲད་ཀྱིས་ཞུས་དོན་ལྟར། ཟླ་བ་༩ ཚེས་༣ ཉིན་ནང་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་(Kiren Rijiju)མཆོག་དོན་གྲུབ་གླིང་བོད་མིའི་གཞིས་སྒར་ནང་ཆེད་ཕེབས་ཀྱིས་དགོན་སྡེ་ཁག་ལ་མཆོད་མཇལ་དང་སྦྲགས་མི་མང་རྣམས་ལ་གཏམ་བཤད་གནང་འདུག
ཁོང་གིས། ང་རང་ལྡེ་ར་ལྡུན་ཁུལ་དུ་ཐེངས་ཁ་ཤས་ཤིག་ཡོང་མྱོང་ཡོད་ཀྱང་དོན་གྲུབ་གླིང་གི་གཞིས་ཆགས་སྐོར་ལ་གོ་ཐོས་ཙམ་ལས་དངོས་སུ་བཅར་རྒྱུའི་གོ་སྐབས་བྱུང་མ་སོང་ཞེས་དང་། ཐེངས་འདིར་དངོས་སུ་བཅར་ཏེ་གཞིས་ཆགས་ཀྱི་ཕྱི་ནང་གི་བཀོད་པ་དང་། མི་མང་རྣམས་ཀྱི་བདེ་སྡུག་སོགས་ཀྱི་གནས་སྟངས་མཐོང་ཡོང་དུས་ཧ་ཅང་དགའ་སྤོབས་སྐྱེ་འོས་པ་ཞིག་རེད་འདུག་ཅེས་གསུངས་སོང་།
ད་དུང་ཁོང་གིས་སྤྱིར་སྟངས་བོད་དང་རྒྱ་གར་གཉིས་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་ཕལ་ཆེ་བ་གཅིག་པ་ཡིན་པ་མ་ཟད། བོད་ཀྱི་ནང་པའི་ལྟ་གྲུབ་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་གཉིས་སྟོན་པ་གཅིག་ནས་བརྒྱུད་པའི་ཆོས་བརྒྱུད་ཅིག་ཆགས་ཀྱི་ཡོད་པ་མ་ཟད། ཧིན་དིའི་ཆོས་ལུགས་དང་ནང་པའི་ཆོས་ལུགས་གཉིས་ཀྱང་སོ་སོའི་དད་མོས་རིང་ལུགས་ཀྱི་ཁོངས་སུ་གཏོགས་པས་ཕལ་ཆེར་གཅིག་མཚུངས་ཆགས་ཀྱི་ཡོད་རེད་ཅེས་གསུངས་སོང་།
ད་དུང་ཁོང་གིས་མུ་མཐུད་ནས་གསུང་དོན། བོད་ནི་རྒྱ་གར་གྱི་མགྲོན་པོ་ཞིག་མ་རེད་ལ། སྐྱབས་བཅོལ་བ་ཞིག་དེ་བས་ཀྱང་མ་རེད། རྒྱ་གར་དེ་བོད་མི་ཚོར་དབང་བ་ཞིག་ཡིན་པས་བོད་མི་ཚོས་ངོས་ནས་རྒྱ་གར་གྱི་ལུང་པ་འདི་སོ་སོའི་ཁྱིམ་ཡིན་བསམ་དགོས་རེད་ཅེས་གསུངས་སོང་།
བོད་ཀྱི་ཆོས་དང་རིག་གཞུང་ཐད་ཁོང་ནས་དཔལ་ན་ལནྡྲ་ནས་བརྒྱུད་པའི་བོད་པའི་ཆོས་དང་རིག་གཞུང་ཚང་མ་སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་གཙོས་སྐྱེས་ཆེན་དམ་པ་རྣམས་ཀྱི་བཀའ་དྲིན་ལས་ད་ལྟའི་ཆར་རྒྱལ་སྤྱིའི་རང་བཞིན་ཅན་དུ་ཆགས་ནས་ཡོད་པས་ནམ་ཡང་འཆི་སྲིད་ཀྱི་མ་རེད་ཅེས་གསུང་སོང་།
སྤྱིར་སྟངས་རྒྱ་གར་གཞུང་ནས་བཙན་བྱོལ་བོད་མི་ཚོར་མཐུན་རྐྱེན་རོགས་སྐྱོར་གང་ཐུབ་ཅིག་གནང་གི་ཡོད་ཀྱང་ད་དུང་དེ་ལས་ལྷག་ཙམ་ཞིག་གནང་ཐུབ་པའི་ཆ་རྐྱེན་ཡོད་ཀྱང་དེ་ཙམ་ལས་ཡོང་གི་མེད་པ་དང་། མ་འོངས་པར་དོན་གྲུབ་གླིང་གི་གཞིས་ཆགས་སྤྱི་དང་བོད་པའི་གཞིས་སྒར་ཁག་ལ་མུ་མཐུད་ནས་གང་ཐུབ་ཅི་ཐུབ་ཀྱིས་རོགས་པ་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།
གསར་འགོད་པ་བློ་བཟང་།
0:00 / 0:00