༄༅༎བྱང་ཀོ་རི་ཡའི་འགོ་འཁྲིད་ཀིམ་ཇོང་ཨིལ་གྱིས་ ཁོང་གིས་བུ་ཆུང་ཤོས་ཀིམ་ཇོང་ཨུན་ཁོ་པའི་སྲིད་དབང་རྒྱུན་འཛིན་འགོ་འཁྲིད་དུ་བསྐོ་བཞག་གསལ་བསྒྲགས་བྱས་པའི་རྗེས་རེས་གཟའ་མིག་པར་ཉིན་ཀིམ་ཇོང་ཨིལ་དང་བུ་ཀིམ་ཇོང་ཨུན་གཉིས་ནས་དམག་མིའི་རུ་སྒྲིག་དང་དམག་སྦྱོང་ལ་ཟུང་འབྲེལ་གྱི་གཟིགས་སྐོར་རྟོགས་ཞིབ་གནང་པའི་སྐོར་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ལས་ཁང་གིས་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག་༎
བདུན་ཕྲག་སྔོན་མ་བྱང་ཀོ་རི་ཡའི་འགོ་འཁྲིད་ཀིམ་ཇོང་ཨིལ་གྱིས་ ཁོ་པའི་བུ་ཆུང་ཤོས་ཀིམ་ཇོང་ཨུན་རྒྱུན་འཛིན་འགོ་འཁྲིད་དུ་བསྐོ་བཞག་གསལ་བསྒྲགས་བྱས་པ་མ་ཟད་ཀིམ་ཇོང་ཨུན་ལ་དམག་སྤྱིའི་གོ་གནས་དང་གཞུང་འཛིན་ཆབ་སྲིད་ཚོགས་པའི་ནང་ཚད་མཐོའི་གོ་གནས་མ་སྤྲད་གོང་བར་ མང་ཚོགས་ཁྲོད་གཞུང་འབྲེལ་གསར་ཤོག་དང་བརྙན་འཕྲིན་སོགས་གང་སའི་ནང་ཀིམ་ཇོང་ཨུན་གྱི་འདྲ་པར་ཙམ་ཡང་ བཀོད་མྱོང་དང་མཐོང་མྱོང་མེད་པ་རེད་
རེས་གཟའ་མིག་དམར་ཉིན་འགོ་འཁྲིད་ཀིམ་ཇོང་ཨིལ་དང་བུ་གཉིས་ནས་དམག་མིའི་རུ་སྒྲིག་དང་དམག་སྦྱོང་སར་ཟུང་འབྲེལ་གྱི་གཟིགས་ཞིབ་ཕེབས་པ་དེས་མང་ཚོགས་ཁྲོད་བུ་ཀིམ་ཇོང་ཨུན་གྱིས་གྲགས་པ་ཆེ་རུ་གཏོང་བའི་བརྒྱུད་རིམ་གསལ་པོ་ཆགས་པར་མཚོན་གྱི་ཡོད་འདུག ཀོ་རི་ཡ་དབུས་གསར་ལས་ཁང་གིས་གནས་ཚུལ་གཞིར་བཟུང་ལྟར་ན་ བྱང་ཀོ་རི་ཡའི་དམག་མིའི་རུ་སྒྲིག་དང་དམག་སྦྱོང་གི་གཟིགས་འབུལ་དེ་བཞིན་ བདུན་ཕྲག་འདིའི་རེས་གཟའ་ཉིན་མའི་ཉིན་ གཞུང་འཛིན་ཚོགས་པའི་ལོ་འཁོར་དུས་ཆེན་གྱི་སྔོན་ཚུད་དུ་གྲ་སྒྲིག་བྱས་པ་ཞིག་དང་ དམག་སྦྱོང་གི་གཟིགས་འབུལ་དེའི་སྐབས་ མཐོ་རིམ་དམག་སྤྱི་ཁག་དང་གཞུང་འཛིན་ཆབ་སྲིད་ཚོགས་པའི་མཐོ་རིམ་མི་སྣ་བཅས་ལྷན་བཅར་ཞུས་ཡོད་པ་དང་ དམག་སྦྱོང་གི་མཛད་སྒོའི་ཐོག་བུ་ཀིམ་ཇོང་ཨུན་ལ་གཞུང་འཛིན་ཆབ་སྲིད་ཚོགས་པའི་དབུས་དམག་དོན་ཚོགས་ཆུང་གི་ཚོགས་གཞོན་གི་གོ་གནས་ཐོག་ནས་ངོ་སྤྲོད་བྱས་འདུག་པ་དང་ ཀོ་རི་ཡའི་རྡོང་གུཀ་གཙུག་ལག་སློབ་གྲའི་སློབ་དཔོན་ཀིམ་ཡོང་ཧན་ཞུ་བས་གསུངས་ན་ ད་རེས་ཀྱི་དམག་སྦྱོང་དང་རུ་སྒྲིག་གི་མཛད་རིམ་དེའི་བརྒྱུད་བྱང་ཀོ་རི་ཡའི་ཆབ་སྲིད་ནང་ཀིམ་ཇོང་ཨུན་འགོ་འཁྲིད་ཀྱི་རྒྱུན་འཛིན་སྲ་བརྟན་ཆགས་ཡོད་པ་དེ་ཕྱི་ཕྱོགས་སུ་བརྡ་ལན་སྤྲོད་ཐབས་ཡིན་པའི་སྐོར་དཔྱད་ཞིབ་ཀྱི་དགོངས་ཚུལ་གསལ་འདོན་གནང་བཞག་༎