མཁྱེན་བརྩེ་རིན་པོ་ཆེའི་ཐེབས་རྩ་ནས་ཨོ་སི་ཁྲི་རཱ་ལི་ཡའི་སི་ཊི་ནཱི་གཙུག་ལག་སློབ་ཆེན་ལ་ཨོ་སྒོར་ས་ཡ་གསུམ་དང་འབུམ་ལྔའི་ཞལ་འདེབས་ཕུལ་ཡོད་པ།

2022.08.02
མཁྱེན་བརྩེ་རིན་པོ་ཆེའི་ཐེབས་རྩ་ནས་ཨོ་སི་ཁྲི་རཱ་ལི་ཡའི་སི་ཊི་ནཱི་གཙུག་ལག་སློབ་ཆེན་ལ་ཨོ་སྒོར་ས་ཡ་གསུམ་དང་འབུམ་ལྔའི་ཞལ་འདེབས་ཕུལ་ཡོད་པ། མཁྱེན་བརྩེ་ཐེབས་རྩ་དང་སི་ཊི་ནཱི་གཙུག་ལག་སློབ་ཆེན་གཉིས་དབར་མཉམ་འབྲེལ་གྱི་ལས་གཞི་འགོ་བཙུགས་པའི་སྐབས་ཀྱི་པར་རིས།
མཁྱེན་བརྩེ་ཐེབས་རྩ།

རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཐེབས་རྩ་ཁང་ནས་ཨོ་སི་ཁྲི་རཱ་ལི་ཡ་རྒྱལ་ཁབ་ཀྱི་གྲོང་ཁྱེར་སི་ཊི་ནཱིའི་གཙུག་ལག་སློབ་ཆེན་ལ་བོད་བརྒྱུད་ནང་བསྟན་ལ་ཐོས་བསམ་སློབ་གཉེར་དང་ཞིབ་འཇུག་པ་བཅས་གསོ་སྐྱོང་བསྐྱེད་སྲིང་གི་ཆེད་དུ། ཨོ་སི་ཁྲི་རཱ་ལི་རྒྱལ་ཁབ་ཀྱི་སྒོར་མོ་ས་ཡ་གསུམ་དང་འབུམ་ལྔ་ཞལ་འདེབས་སུ་སྩལ་བ་དེས། འབྱུང་འགྱུར་ཨོ་གླིང་དུ་བོད་ཀྱི་ནང་ཆོས་སློབ་གཉེར་ཞིབ་འཇུག་གི་འགྲོ་སོང་བརྟན་པོ་ཆགས་ཡོད་པ།སི་ཊི་ནི་གཙུག་ལག་སློབ་ཆེན་གྱི་དྲ་རྒྱའི་ཐོག་ཐོན་ཡོད་པར་བརྟེན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་ཆེད་དུ་བཀའ་འདྲི་ཞུས་པར། རིན་པོ་ཆེ་མཆོག་གིས་གཙུག་ལག་སློབ་ཆེན་ཁག་ཏུ་བློ་གཟུ་བོར་གནས་པའི་ཐོག་ནས་གང་ཅིར་སློབ་སྦྱོང་བྱེད་བཞིན་པའི་ཁུལ་ཡིན་པས། དེ་ལ་མཐུན་རྐྱེན་དང་འབྱུང་འགྱུར་ཕྲུ་གུ་ལོ་ཆུང་དང་གཞོན་ནུ་ཚོར་ནང་ཆོས་ལ་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་རྒྱུ་གལ་ཆེན་དུ་མཐོང་ནས་ཡིན་པ་འགྲེལ་བརྗོད་གནང་གི་འདུག

ཡང་འབྲེལ་ཡོད་སི་ཊི་ནཱི་གཙུག་ལག་སློབ་ཆེན་གྱི་(University of Sydney)ལྷོ་ཨེ་ཤེ་ཡའི་ནང་ཆོས་ཞིབ་འཇུག་ཁང་གི་འགན་འཛིན་མཱར་ཀི་ཨེ་ལོན་(Dr Mark Allon)ལགས་ནས། ཕྱག་དངུལ་དེས་ཨོ་གླིང་དུ་བོད་ཀྱི་སྐད་ཡིག་དང་ནང་ཆོས་སློབ་གཉེར་གྱི་གཞི་རྩ་བརྟན་པོ་བཏིང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཁོང་གིས་གཙུག་ལག་སློབ་ཆེན་འདིར་ང་རང་གི་སྔོན་གྱི་དགེ་རྒན་དེས་བོད་ཀྱི་ནང་ཆོས་དང་སྐད་ཡིག་བསླབ་ཐུབ་ཀྱི་ཡོད་ནའང་། ང་རང་གི་ཆེད་ལས་ལྷོ་ཤར་ཨེ་ཤེ་ཡའི་ནང་ཆོས་དང་སྐད་ཡིག་ཡིན་ཁར།ངའི་ལས་རོགས་ཀྱི་ཆེད་ལས་ནི་རྒྱ་ནག་གི་ནང་ཆོས་ཡིན་པར་བརྟེན། ད་ཆ་ང་ཚོ་ལ་བོད་བརྒྱུད་ནང་བསྟན་སློབ་གཉེར་ཐོག་སྟོང་ཆ་ཡོད་པ་དེར། ཞལ་འདེབས་འདིས་ཕན་ཐོགས་དང་འབྱུང་འགྱུར་ཨོ་གླིང་དུ་བོད་ཀྱི་ནང་ཆོས་དང་། བོད་ཀྱི་སྐད་ཡིག་སློབ་གཉེར་གྱི་གོ་སྐབས་བརྟན་པོ་བཟོས་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

གཞན་ཡང་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་གཙུག་ལག་སློབ་གྲྭ་ནི་དེང་སང་འཛམ་གླིང་གི་སྒྲིག་འཛུགས་གལ་ཆེ་ཤོས་ཤིག་ཡིན་པ་དང་། མ་འོངས་པའི་འཛམ་གླིང་ལ་བསྒྱུར་བཅོས་བཏང་མཁན་ནི་ཕལ་ཆེར་གཙུག་ལག་སློབ་ཁག་ཏུ་སློབ་གཉེར་བ་ཚོར་རག་ལས་ཡོད་པས། གཙུག་ལག་སློབ་ཆེན་ཁ་ཤས་སུ་ནང་ཆོས་སྦྱང་སའི་ལྟེ་གནས་ཤིག་བཙུགས་ཐུབ་ན་ཡག་པོ་འདུག་པའི་དགོངས་པ་འཁོར་ཡོད་པ་དང་། ཁོང་གིས་ཞལ་འདེབས་ཕུལ་བའི་ཕྱག་དངུལ་གྱི་འབྱུང་ཁུངས་ནི། ཁོང་ལ་བླ་མ་ཞིག་གི་མཚན་བཏགས་ཡོད་པ་དེས་བཅར་མཁན་ཡོད་པ་ཚོར་ལས་འགུལ་གྱི་གལ་གནད་ངོ་སྤྲོད་ཀྱིས་ཐབས་ཤེས་གནང་བ་འགྲེལ་བརྗོད་གནང་གི་འདུག

ལས་འཆར་འདི་ནི་སྤྱིར་བཏང་སྤྱི་ལོ་༢༠༡༧ལོ་ནས་མགོ་བཙུགས་པ་ཞིག་དང་། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཐེབས་རྩ་ཁང་ནས། འདས་པའི་མི་ལོ་༡༥ལྷག་རིང་ནང་ཆོས་ཞིབ་འཇུག་གི་སློབ་དཔོན་ཆེན་མོ་སོགས་གསོ་སྐྱོང་ཆེད། ཨ་མི་རི་ཀའི་(University of California at Berkley)གཙུག་ལག་སློབ་ཆེན་དང་།(University of Michigan)གཙུག་ལག་སློབ་གྲྭ་ཆེན་མོ།འཇར་མན་གྱི་(Ludwig Maximilian University of Munich) གཙུག་ལག་སློབ་ཆེན་དང་། ཨི་ཟི་རལ་གྱི་(Hebrew University) བཅས་སུ་མ་རྩ་ཧ་ཅང་འཕོན་ཆེ་བཙུགས་མྱོང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎