༄༅༎རྒྱ་ནག་གི་ཀན་སུ་ཞིང་ཆེན་ནང་དུ་ཡོད་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ བོད་རིགས་ཐབས་མཁས་རྒྱ་མཚོ་ལོ་ངོ་བཅོ་ལྔའི་བཙོན་འཇུག་དང་ ལོ་ལྔའི་རིང་ཆབ་སྲིད་ཀྱི་ཁེ་དབང་མེད་པའི་ཐག་ཆོད་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་།
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནང་ཁུངས་ལྡན་གྱི་ཁྲིམས་ཁང་གི་ཉེས་དོན་ཁྲིམས་བཅད་ཡིག་ཆ་དངོས་གཞི་ལག་སོན་བྱུང་དོན་ལྟར་ན་ ཕྱི་ལོ་༢༠༠༩ཟླ་ལྔ་པའི་ཚེས་༢༡ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ནས་ཡིན་པའི་བོད་རིགས་ཐབས་མཁས་རྒྱ་མཚོ་འམ་དུས་འཁོར་ཐབས་མཁས་ཞུ་བས་ཕྱི་ལོ་༢༠༠༨ལོར་མི་རིགས་ཁ་བྲལ་ལ་དམིགས་པའི་བོད་རང་བཙན་ཀྱི་འོས་ལངས་ནང་མཉམ་ཞུགས་བྱས་པ་དང་ དེ་སྔོན་ ཕྱི་ལོ་༢༠༠༥ནས་འགོ་བཙུགས་ཀྱི་ཕྱི་ཕྱོགས་ལ་ཡོད་པའི་རང་བཙན་ཚོགས་པར་འབྲེལ་བ་ལན་མང་བྱས་པ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་ནས་ལོ་ངོ་༡༥་འི་ཁྲིམས་ཐག་བཅད་འདུག་། ཡིག་ཆ་དེ་ཉིད་ཀྱི་ནང་དོན་ལྟར་ན་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དཔང་པོ་གསུམ་ཙམ་གྱིས་ར་འཕྲོད་བྱས་པ་དང་ ཁོང་ཉིད་ཀྱིས་ཁ་བྲལ་གྱི་ལས་དོན་སྤེལ་བ་ངོས་ལེན་བྱས་པར་གཞི་བཟུང་ཁྲིམས་བཅད་ཐག་ཆོད་བྱས་པའི་སྐོར་བཀོད་འདུག་། གལ་ཏེ་ཁྲིམས་བཅད་ཁས་ལེན་མེད་ན་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཉིན་གྲངས་བཅུའི་ནང་གོང་གཏུག་བྱེད་དགོས་པ་ཁྲིམས་བཅད་ཀྱི་ཡིག་ཆ་དེ་ཉིད་ནང་དུ་བཀོད་འདུག་། ཁོང་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ད་དུང་ཤེས་རྟོགས་དཀའ་བའི་གནས་ཚུལ་རེད་འདུག་༎