རྒྱལ་ས་ལྡི་ལིར་"ང་བོད་དུ་ཡོད་ན་"ཞེས་པའི་བརྗོད་གཞིའི་ཐོག་སློབ་མ་ལྔ་བཅུ་ཡི་རི་མོའི་འགྲེམས་སྟོན་གནང་འདུག
ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༠ ནས ༡༣ བར་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (India habitat centre) དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཀུན་ཕན་བདེ་རྩ་དང་ཁ་དོག་སྒྱུ་རྩལ་ཚོགས་པ་གཉིས་ཐུན་མོང་གིས་ (Dreaming Tibet) ཞེས་ང་བོད་དུ་ཡོད་ན། ཞེས་པའི་བརྗོད་གཞི་ཐོག་ལ་བོད་པའི་སློབ་ཕྲུག་ལྔ་བཅུ་ཡི་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གནང་ཡོད་པ་དང་། ཐེངས་འདིར་འགྲེམས་སྟོན་དེ་བཞིན་རྒྱལ་ས་ལྡི་ལིར་གནང་དོན་ནི། བོད་མི་ཙམ་དུ་མ་ཟད་རྒྱ་གར་མང་ཚོགས་གང་མང་ཁྲོད་བོད་པའི་སློབ་ཕྲུག་རྣམས་ཀྱི་བོད་དོན་ཐད་ཚོར་བ་དང་བསམ་བློ་གསལ་སྟོན་ཆེད་དང་། བོད་པའི་གཞོན་སྐྱེས་ཁྲོད་སྒྱུ་རྩལ་གྱི་གལ་གནད་སྐོར་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་འཐབ་རྩོད་ལའང་ཕན་ཐོགས་ཆེན་པོ་ཡོད་ཅེས།་བཀྲ་ཤིས་ཉི་མ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བཀྲ་ཤིས་ལགས་ཀྱིས་གསུངས་དོན་ལ། “ང་བོད་དུ་ཡོད་ན་” ཞེས་པའི་བརྗོད་གཞི་ནི། བཙན་བྱོལ་དུ་འཚར་ལོངས་བྱུང་བཞིན་པའི་བོད་ཕྲུག་རྣམས་ལ་རང་ཉིད་བོད་དུ་ཡོད་ན་བསམ་པའི་ཚོར་སྣང་དང་རྨི་ལམ་དེ་བཞིན་རྟག་ཏུ་སྙིང་དབུས་སུ་བཅངས་ཤིང་གཏིང་བརྗེད་དུ་མི་སོང་བའི་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་བ་དང་སྦྲགས། ཉིན་གསུམ་རིང་གི་རི་མོའི་འགྲེམས་སྟོན་དེའི་སྐབས། གཟིགས་མོ་བ་གང་མང་ནང་མཉམ་བཞུགས་ཀྱིས་དོ་དབྱིངས་གསལ་སྟོན་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
འདི་ག་ཨེ་ཤེ་ཡང་རང་དབང་རླུང་འཕྲིན་ཁང་ནས་འགྲེམས་སྟོན་ཐོག་གི་གཟིགས་མོ་བ་ཁག་གཅིག་ལ་བཀའ་འདྲི་ཞུས་པར། ཀེ་ཤལྦ་ཋ་ཀུར་ལགས་ཀྱིས། ཁོང་ནི་དེ་སྔ་ནས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པའི་གནས་སྟངས་ཐད་གོ་རྟོགས་ཡོད་མཁན་ཞིག་ཡིན་པ་དང་། འགྲེམས་སྟོན་དེའི་ཐོག་གི་སློབ་མ་རྣམས་ཀྱི་སྒྱུ་རྩལ་དེ་ཚོས་བརྡ་ལན་ཤུགས་ཆེ་གསལ་སྟོན་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། བོད་པའི་སློབ་མ་རྣམས་བོད་དུ་ཕྱིར་ལོག་འདོད་ཀྱང་དེ་ལྟར་མི་ཐུབ་པ་ནི་སེམས་སྐྱོ་དགོས་པའི་གནས་སྟངས་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། ཨི་མོལ་ཀལ་ཡན་བྷ་རུ་ཨ་ལགས་ཀྱིས། འགྲེམས་སྟོན་འདིའི་ཐོག་གི་རི་མོ་ཁག་གཅིག་གིས་སྐྱོ་སྣང་ལྡན་པའི་ཚོར་བ་ཤུགས་ཆེ་གསལ་སྟོན་བྱས་ཀྱི་འདུག་པས། མ་འོངས་སློབ་མ་དེ་དག་གང་མྱུང་བོད་དུ་ལོག་རྒྱུ་བྱུང་ནས་འཛུམ་མདངས་ལྡན་པའི་རི་མོ་གང་མང་མཐོང་རྒྱུའི་རེ་བ་ཡོད་ཅེས་གསུངས་བྱུང་།

ཡང་དེ་སྔ་ཕྱི་ལོ་ ༢༠༡༠ ལོར་མ་ཕམ་གཡུ་མཚོའམ་མཱན་ས་རོ་ཝར་ (Mansarovar) མཆོད་མཇལ་བརྒྱུད་བོད་དུ་ཕེབས་མྱོང་མཁན་ཤྲི་ནི་ལྦ་སན་ལགས་ཀྱིས། ལོ་དེར་ཁོང་བོད་དུ་ཕེབས་སྐབས་བོད་ས་ཁྱོན་རྒྱ་ནག་གཞུང་གིས་འཛིན་བཟུང་ཟིན་པའི་ཚོར་བ་བྱུང་སྐོར་འགྲེལ་བརྗོད་དང་སྦྲགས། ད་ཆ་བོད་མཐོང་མ་མྱོང་བའི་བོད་ཕྲུག་རྣམས་ཀྱིས་འཆར་སྣང་སྒོ་ནས་བྲིས་པའི་བོད་ཀྱི་རི་མོ་དེ་དག་ནི་ཧ་ཅང་ལེགས་ཤིང་། ཁོང་ནས་བོད་ལ་མྱུར་དུ་རང་བཙན་ཐོབ་སྟེ་བོད་ཕྲུག་རྣམས་བོད་དུ་ཕྱིར་ལོག་ཐུབ་པའི་སྨོན་འདུན་ཞུས་སོང་།
ཐེངས་འདིའི་འགྲེམས་སྟོན་ཐོག་གི་རི་མོ་དེ་དག་ནི། སློབ་གྲྭ་ཁག་ལྔ་ནས་སློབ་ཕྲུག་རྣམས་ལ་རི་མོའི་ཟབ་སྦྱོང་སྤྲད་རྗེས་སུ། རི་མོ་རྩེ་ཕུད་ལྔ་བཅུ་འདེམས་སྒྲུག་གིས་འགྲེམས་སྟོན་གནང་བ་ཞིག་རེད་འདུག་ལ། ང་བོད་དུ་ཡོད་ན་ཞེས་པའི་དུས་ཐུང་འགྲེམས་སྟོན་དེ་བཞིན་སྔ་ལོའི་ཟླ་ ༩ པའི་ནང་བདུན་ཕྲག་གཅིག་གི་རིང་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་ཀཱང་རྭ་འགྲེམས་སྟོན་ཁང་དུའང་གོ་སྒྲིག་གནང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།