མཁས་གྲུབ་རྒྱ་མཚོ་དང་ཁྲི་བཙན་གཉིས་བཙོན་འགྲོལ་བྱུང་བ།


2016.03.30
བཙོན་འགྲོལ་བྱུང་མ་ཐག་པའི་མཁས་གྲུབ་རྒྱ་མཚོ་དང་ཁྲི་བཙན་གཉིས། ༢༠༡༦ བཙོན་འགྲོལ་བྱུང་མ་ཐག་པའི་མཁས་གྲུབ་རྒྱ་མཚོ་དང་ཁྲི་བཙན་གཉིས། ༢༠༡༦
དུས་བབ།

བོད་ནང་གི་སྲིད་དོན་བཙོན་པ་མཁས་གྲུབ་རྒྱ་མཚོ་དང་ཁྲི་བཙན་གཉིས་ཟླ་འདི་ནང་སྔ་ཕྱིར་རྒྱ་ནག་གི་བཙོན་ཁང་ནས་བཙོན་འགྲོལ་བྱུང་བ།
དེ་ཡང་༢༠༡༦ལོའི་ཟླ་༣པའི་ཚེས་༨ཉིན། དེ་སྔོན་སྤྱི་ལོ་༢༠༠༨ལོར་རྒྱ་གཞུང་གི་དྲག་གནོན་ལ་ཞི་རྒོལ་གནང་མཁན་མཚོ་སྔོན་འབའ་རྫོང་གཙང་དགོན་པའི་དགེ་འདུན་པ་མཁས་གྲུབ་རྒྱ་མཚོ་ལགས་ས་གནས་ཉེན་རྟོག་པའི་དམ་དྲག་འོག་གློད་གྲོལ་ཐོབ་པ་བོད་ཀྱི་དུས་བབ་ཀྱིས་གནས་ཚུལ་བཀོད་འདུག
གནས་ཚུལ་ལྟར་ན། ད་ལྟ་དགུང་ལོ་༣༣ཡིན་པའི་འབའ་རྫོང་གཙང་དགོན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་འདུན་པ་མཁས་གྲུབ་རྒྱ་མཚོ་ལགས། སྤྱི་ལོ་༢༠༠༨ལོའི་བོད་ནང་གི་ས་བྱིའི་ཞི་རྒོལ་ཆེན་མོའི་ནང་ཞུགས་ཡོད་ཚུལ་གྱིས་ལོ་བཅུའི་ཁྲིམས་ཆད་བཅད་ཡོད་ཀྱང་ལོ་གཉིས་སྔ་བསྣུར་གྱིས་བཙོན་གྲོལ་ཐོབ་པ་ཞིག་ཡིན་པ་དང་། དེ་སྔོན་ཁོང་ཐོག་མར་འཛིན་བཟུང་བྱས་ཏེ། ཁྲིམས་ཆད་མ་བཅད་པའི་སྔོན་ལ་ཉེན་རྟོག་པས་འདྲི་གཅོད་སྐབས་གཅར་རྡུང་ཚད་མེད་བྱས་པའི་རྐྱེན་གྱིས། ད་ལྟ་ངོ་གདོང་གཡོན་ཞིང་མིག་ལ་སྐྱོན་ཤོར་ཡོད་པ་མ་ཟད། བཙོན་གྲོལ་ཐོབ་ཡོད་ཀྱང་ཁོང་གི་རེ་འདོད་ལྟར་ཕྱིར་དགོན་པར་འགྲོ་རུ་མ་བཅུག་པར་ལྟ་རྟོག་འོག་གྲོང་སྡེའི་ནང་དུ་བསྡད་ཡོད་པ་ཕྱི་ལོག་ན་ཡོད་པའི་ཁོང་གི་ནུ་བོས་འགྲེལ་བརྗོད་གནང་འདུག
ཡང་གནས་ཚུལ་ནང་བརྗོད་ན། སྤྱིར་བཏང་ད་ལྟ་ཕར་བལྟས་ན་ཁོའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་མིན་ནའང་དེ་སྔོན། ཁྲིམས་ཐག་མ་བཅད་སྔོན་འདྲི་གཅོད་བྱས་ཏེ་གཅར་རྡུང་མང་པོ་བྱས་བར་བརྟེན་ངོ་གདོང་གཡོན་ཞིང་མིག་ལ་ཆེ་ཆུང་ཤོར་བ་དེ་ད་ལྟ་རྫོང་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་བཞིན་ཡོད་ཀྱང་དྲག་སྐྱེད་བྱུང་རྒྱུ་ཁག་པོ་རེད་ཟེར། དེ་བཞིན་ཁོ་བཙོན་ཁང་ནས་གཏོང་རྒྱུར་ཟླ་བ་གཅིག་ཙམ་ཡོད་སྐབས་ངལ་གསོ་བྱེད་དུ་བཅུག་སྟེ་ལུས་ཟུངས་གསོས་རྗེས་གློད་གྲོལ་བཏང་ཡོད་ས་རེད་ཟེར། དེ་མིན་མཁས་གྲུབ་རྒྱ་མཚོ་ལགས་བཙོན་གྲོལ་གཏོང་སྐབས་རྫོང་གི་ཉེན་རྟོག་པས་སྡེ་དཔོན་སྐལ་བཟང་རྡོ་རྗེ་ལ་པར་མི་རྒྱག་པ་དང་མི་མང་འདུ་འཛོམས་བྱེད་མི་ཆོག་པའི་ཁག་ཐེག་བྱེད་དུ་བཅུག་ཡོད་ཟེར།
སྤྱི་ལོ་༢༠༠༨ལོར་གཙང་དགོན་པའི་དགེ་འདུན་པ་ཚོས་རྒྱ་གཞུང་གི་བཙན་གནོན་ལ་ཞི་རྒོལ་བྱེད་སྐབས་ཉེན་རྟོག་པས་མི་གྲངས་བརྒྱད་ཅུ་ལྷག་འཛིན་བཟུང་བཀག་ཉར་བྱས་ཏེ། མི་རེ་རེ་བཞིན་འདྲི་གཅོད་བྱས་རྗེས་ཡར་ལངས་ཀྱི་སྣེ་ཁྲིད་པ་གཙོ་བོ་ཡིན་པའི་ཉེས་མིང་འོག་མཁས་གྲུབ་རྒྱ་མཚོ་ལགས་དང་མཆོག་སྤྲིན་རྒྱ་མཚོ་གཉིས་ལ་ལོ་བཅུ་ཡི་ཁྲིམས་ཆད་དང་། ཚུལ་བཟང་རྒྱ་མཚོ་ལགས་སུ་ལོ་དགུ་ཡི་ཁྲིམས་ཐག་བཅད་པ་དང་། མཁས་གྲུབ་རྒྱ་མཚོ་ལགས་ད་ལྟའི་བར་ལོ་བརྒྱད་རིང་ཟི་ལིང་གྲོང་ཁྱེར་ཉེ་འགྲམ་དུ་ཡོད་པའི་བཙོན་ཁང་ཞིག་ཏུ་ཁྲིམས་ཆད་འཁུར་ཡོད་པ་རེད།
དེ་བཞིན་ཡང་གནས་ཚུལ་ལྟར་ན། མགོ་ལོག་སྟོང་སྐྱབས་དགོན་གྱི་དགེ་འདུན་པ་ཁྲི་བཙན་ནམ་སྨྱུག་མིང་དུ་ཁྲི་བོད་ཁྲག་ལགས། ཕྱི་ལོ་༢༠༡༣ ཟླ་༣ཚེས་༡༡ཉིན་རྒྱ་གཞུང་གི་ཉེན་རྟོག་པས་མགོ་ལོག་ཁུལ་དགའ་བདེ་རྫོང་ཐོག་ནས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ། རྩོམ་ཡིག་བྲིས་ནས་སྤྱི་ཚོགས་ལ་འཁྲུག་རྐྱེན་བསླངས་བ་དང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པ་སོགས་ཀྱི་ཉེས་མིང་འོག་ཁོང་ལ་ཁྲིམས་ཐག་བཅད་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་འདུག
རང་ལོ་ ༢༩ ཡིན་པའི་གྲྭ་ཁྲི་བཙན་ལགས་ནི། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་རྡོ་ཁ་ཡུལ་ཚོའི་རྒྱ་སྐོར་སྨད་མ་སྡེ་བའི་མ་ཕག་མོ་ལགས་ཀྱི་བུ་ཡིན་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎