ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཕུན་རབ་བློ་བཟང་དར་རྒྱས་ལགས་དགོངས་པ་རྫོགས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཐོག་མ་དང་ཁྲིམས་ཞིབ་པ་ཟུར་པ་ཕུན་རབ་བློ་བཟང་དར་རྒྱས་ལགས་ཕྱི་ལོ་༢༠༢༣ཟླ་༡༡པའི་ཚེས་༢༣ཉིན་དགོངས་པ་རྫོགས་ཡོད་འདུག དམ་པ་ཁོང་ནི་ཕྱི་ལོ་༡༩༣༧ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཞིང་། ཆུང་དུས་ནས་བོད་ཡིག་སློབ་གཉེར་གནང་བ་དང་། དེ་ནས་རིམ་པས་ཀ་སྦུག་ཏུ་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་གནང་ཞོར་བོད་ཡིག་སློབ་ཁྲིད་གནང་ཡོད་འདུག ཕྱི་ལོ་༡༩༦༠་འགོ་སྟོད་དུ་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་གཞིས་ཆགས་སུ་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། དེ་ནས་བོད་མི་མང་དབུས་གཙང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་མ་ཟད། སྤྱི་འཐུས་ཚོགས་གཞོན་གྱི་ཐུགས་འགན་བཞེས། དེ་ནས་སྐབས་དེའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་གྱི་ཐུགས་འགན་ལོ་མང་རིང་བཞེས་ཞིང་། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་ཡང་བཞེས་ཡོད་པོ་རེད། མཐར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བསྐོ་བཞག་བྱུང་བ་ལྟར་ཕྱག་ལས་གནང་། ཕྱི་ལོ་༢༠༠༢་ལོར་བགྲེས་ཡོལ་དུ་ཕེབས་ཡོད་པ་བཅས་སྐུ་ཚེ་ཧྲིལ་པོ་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་ཀ་བ་གསུམ་ཀའི་ནང་ཐུགས་འགན་བཞེས་མྱོང་མཁན་ཞིག་ཡིན་པ་མ་ཟད། བགྲེས་ཡོལ་ཕེབས་ཟིན་པའི་རྗེས་སུའང་༧གོང་ས་ཏཱ་ལའི་བླ་མའི་འཛམ་གླིང་སྤྱི་ཡོངས་འོས་འགན་ཐེབས་རྩ་ཁང་གི་ཚོགས་མི་གནང་བ་སོགས་གནང་ཡོད་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལས་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་དབུ་བཞུགས་ཐོག་བཀའ་ཟུར་དམ་པ་དེའི་མཛད་རྗེས་དྲན་གསོ་ཞུས་པ་དང་། ཉིན་རྒྱབ་ལས་ཁུངས་ཁག་སྒོ་རྒྱབ་ཏེ་སྲི་ཞུའི་ལས་བྱེད་རྣམས་འཛོམས་ནས་བསྔོ་སྨོན་གསོལ་འདེབས་གནང་ཡོད་འདུག
ཁོང་གི་སྐུ་ཚེ་ལོ་རྒྱུས་སྐོར་རྒྱུས་མངའ་ཡོད་མཁན་བོད་མི་མང་སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས་ལ་ཆོས་སྐྱིད་ལགས་ཀྱིས་བཅར་འདྲི་ཞུས་པ་གོང་གི་དྲྭ་ཐག་ནས་གསན་ཐུབ།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།