བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ཟུར་པ་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་དགོངས་པ་རྫོགས་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ཟུར་པ་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་དགུང་ལོ་༩༡སྟེང་ཁེ་ཎ་ཌ་ནས་དགོངས་པ་རྫོགས་ཡོད་འདུག
- 2024-03-14
-
-
-
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ཟུར་པ་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་ཟླ་བ་འདིའི་ཚེས་༡༢་རེས་གཟའ་མིག་དམར་ཉིན་ཁོང་གི་བཞུགས་གནས་ཁེ་ཎ་ཌའི་ཝན་ཀུ་ཝའི་ནང་སྐུ་ཚེའི་འཕེན་པ་རྫོགས་ཡོད་འདུག བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལམ་ཡོངས་གྲགས་སུ་སྐུ་ངོ་ཀྲི་སི་བཀྲས་མཐོང་ལགས་ཞུ་བའི་དམ་པ་ཁོང་ཕྱི་ལོ་༡༩༣༣ལོར་ཆབ་མདོར་སྐུ་འཁྲུངས་ཞིང་། སྐུ་ན་ཆུང་དུས་བོད་ནང་སློབ་གཉེར་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་༡༩༥༩ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པའི་རྗེས་ཐོག་མར་འཇར་མི་ནིའི་ནང་སྲིད་དོན་དང་འབྲེལ་བའི་སློབ་གཉེར་གནང་ཡོད་པ་དང་། རིམ་པས་ཕྱི་ལོ་༡༩༦༤་ཙམ་ལ་ལྡི་ལིར་སྐུ་ཚབ་དོན་གཅོད་ཕྱག་རོགས་དང་། དེ་ནས་སྐུ་སྒེར་ཡིག་ཚང་དུ་རྒྱལ་བའི་གསུང་བསྒྱུར་ཞབས་ཞུ། དེ་རྗེས་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སོགས་གནང་འདུག
ཕྱི་ལོ་༡༩༦༧ ཙམ་ལ་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཆེས་ཐོག་མར་གསར་འཛུགས་སྐབས་གཞིས་འགོ་དང་། ལྷོ་གཞིས་ཁག་གི་ལྷོ་སྤྱི་གནང་ཡོད་པ་རེད། ཕྱི་ལོ་༡༩༧༥ལོར་ཁེ་ཎ་ཌའི་ནང་བོད་མི་གཞིས་ཆགས་གནས་སྤོས་སྐབས་མཐོ་རིམ་སློབ་གཉེར་ཁང་གཉིས་ཙམ་ནང་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། དེ་དང་ཕྱོགས་མཚུངས་མངའ་ཁུལ་དེའི་ནང་མི་མང་གི་བདེ་དོན་ཆེད་ཕྱག་ལས་གནང་ཡོད་པ་རེད།
ཕྱི་ལོ་༡༩༩༦ལོར་སླར་ཡང་བཙན་བྱོལ་བོད་གཞུང་གི་ལྡི་ལི་སྐུ་ཚབ་དོན་གཅོད་དང་། ཕྱི་ལོ་༡༩༩༧ནས་ཕྱི་ལོ་༢༠༠༡བར་ཕྱི་དྲིལ་བཀའ་བློན་གྱི་ཐུགས་འགན་བཞེས་ཤིང་། གོང་ཞུས་ལས་དུས་དེའི་རིང་མ་སུ་རི་བོད་ཁྱིམ་དང་། དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་མིའི་ཐུགས་འགན་ཡང་བཞེས་གནང་ཡོད་པ་རེད། བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་དམ་པ་ཁོང་གི་སྐུ་ཟླ་ཡོངས་གྲགས་སུ་(Miss Judy)་ལགས་ནས་ཀྱང་ཕྱི་ལོ་༡༩༦༠བཅུའི་ནང་བཞུགས་སྒར་རྡ་རམ་ས་ལར་དགེ་རྒན་འོས་སྦྱོང་སྐབས་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་དང་། དམ་པ་དེའི་ལྷན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་འཕྱར་གྲུ་མཉམ་འདེགས་ཀྱི་ཕྱག་ལས་གནང་མྱོང་ཡོད་པ་རེད། དམ་པ་དེའི་བུ་མོ་བཀྲས་མཐོང་ལྷག་སྒྲོན་ལགས་ལོ་མང་པོའི་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་གྱི་ཕྱག་ལས་གནང་བཞིན་པ་རེད།
བཀའ་ཟུར་དམ་པ་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་སྐུ་ན་གཞོན་དུས་ཕྱི་རྒྱལ་སྐད་ཡིག་ཚད་ལྡན་ཡོད་པ་བཅས་ལ་བརྟེན་གསོལ་ཕོག་དང་འཚོ་བའི་གོ་སྐབས་བཟང་སར་ཕེབས་གནང་རྒྱུའི་ཆ་རྐྱེན་ཚང་གནང་ཡོད་ཀྱང་། དམ་པ་ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་དཀའ་ངལ་ཆེ་བའི་དུས་སུ་དབུ་འོག་དཔུང་འདེགས་ཞུས་གནང་ཡོད་པ་དང་། ཐུགས་གཤིས་ནི་མི་མཐོ་དམན་ཀུན་ལ་གཅིག་མཚུངས་འདུ་ཤེས་གནང་མཁན་ཞིག་ཡིན་པའི་སྐོར་དམ་པའི་ཚ་བོ་དང་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དེ་དང་ཕྱོགས་མཚུངས་བཀའ་ཟུར་དམ་པ་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་དང་ལྷན་དུ་བཀའ་ཤག་ནང་ཕྱག་ལས་གནང་མྱོང་མཁན་བཀའ་ཟུར་བཀྲིས་དབང་འདུས་ལགས་ཀྱིས་ཐུགས་ཕམ་ཡོད་གསུངས་པ་དང་ཆབས་ཅིག་སྐུ་ངོ་དམ་པ་དེའི་ཐུགས་གཤིས་དང་བོད་སྤྱི་པའི་ཆེད་ཞབས་འདེགས་ཞུས་པའི་མཛད་རྗེས་ལ་གཞོན་སྐྱེས་ཚོས་མིག་དཔེ་ལྟ་དགོས་ལུགས་གསུངས་ཀྱི་འདུག
དམ་པ་ཁོང་དེ་སྔ་ཕྱི་དྲིལ་བཀའ་བློན་གནང་བའི་སྐབས། དབུ་མའི་ལམ་གྱི་གལ་གནད་སྐོརགསུངས་་པའི་ནང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་ཆེད་དུ་མངགས་ནས་བོད་པའི་ཆབ་སྲིད་ཀྱི་འཐབ་རྩོད་ལ་དམ་དྲག་བྱེད་པ་ཙམ་མ་ཡིན་པར་བོད་ནང་གི་བོད་མི་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་དུ་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་དེ་ནི་ཉེན་ཁ་ཆེན་པོ་རེད། གལ་སྲིད་རྒྱལ་ཁབ་གང་ཞིག་ལ་ས་ཆ་ཡོད་ཀྱང་དེའི་ནང་གི་སྐད་ཡིག་དང་རིག་གཞུང་སོགས་མེད་པ་ཆགས་ན་ཕན་ཐོག་གང་ཡང་ཡོད་མ་རེད་ཅེས་ཨ་རིའི་ནང་གི་གདོད་མའི་མི་རིགས་ཚོའི་གནས་སྟངས་རྒྱུ་མཚན་ལུང་འདྲེན་གནང་ཡོད་འདུག
ཕྱི་ཟླ་ ༣ འདི་ཚེས་༡༤ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བློ་ཕམ་དང་བཅས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་༣ནས་ཉིན་དེར་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།