ཀརྨ་པ་མཆོག་དམག་གི་དྲན་རྟེན་ཁང་དུ་ཕེབས་ནས་གུས་འདུད་ཞུས་བ།
2016.12.04

ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་མོན་རྟ་དབང་ཕྱོགས་སུ་ཡོད་པའི་འདས་གྲོངས་སུ་ཕྱིན་པའི་རྒྱ་གར་གྱི་དམག་མིའི་དྲན་རྟེན་དུ་ཕེབས་འདུག
དེ་ཡང་འདི་ཚེས་༢་ཉིན་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་བྱང་ཤར་Arunachal Pradesh་འམ་མོན་རྟ་དབང་གི་Nyukmadung་ཞེས་པའི་ས་གནས་སུ་ཡོད་པའི་ཕྱི་ལོ་༡༩༦༢་ལོར་རྒྱ་གར་དང་རྒྱ་ནག་གཉིས་དབར་དམག་འཁྲུག་སྐབས། འདས་གྲོངས་སུ་ཕྱིན་པའི་རྒྱ་གར་གྱི་དམག་མིའི་དྲན་རྟེན་ལ་ཆེད་ཕེབས་གནང་སྟེ་ཁོང་རྣམས་ལ་མྱ་ངན་གུས་འདུད་དང་བསྔོ་སྨོན་གནང་འདུག
བཀའ་བརྒྱུད་བསྟན་པའི་སྲོག་ཤིང་ཀརྨ་པ་སྐུ་ཕྲེང་༡༧་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ལ་རྒྱ་གར་བྱང་ཤར་མངའ་སྡེ་Arunachal Pradesh་འམ་མོན་རྟ་དབང་གི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དབུས་པའི་དད་ལྡན་མང་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཟླ་བའི་སྔོན་མའི་ཚེས་༢༨་ཉིན་ནས་བཟུང་ཁུལ་དེར་ཞབས་སོར་འཁོད་སྐབས་ས་གནས་གཞུང་དམངས་གཉིས་ཀྱིས་གུས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་Kiren Rijiju་མཆོག་གིས་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་འཕྲད་གནང་བ་དང་། དེ་རིང་ཀརྨ་པ་མཆོག་དང་སྐུ་འཁོར་རྣམས་པ་མོན་རྟ་དབང་གི་དི་རང་(Dirang)ཉེ་འཁྲིས་ས་གནས་Nyukmadung་ལ་ཡོད་པའི་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ཕྱི་ལོ་༡༩༦༢་ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་སྐབས། འདས་གྲོངས་སུ་ཕྱིན་པའི་རྒྱ་གར་གྱི་དམག་མིའི་དྲན་རྟེན་ཁང་ལ་ཆེད་ཕེབས་གནང་སྟེ་ཁོང་རྣམས་ལ་མྱ་ངན་གུས་འདུད་དང་བསྔོ་སྨོན་གནང་འདུག
རྒྱ་གར་གྱི་ANI་བརྙན་འཕྲིན་ལས་ཁང་གིས་ཀྱང་དེའི་སྐོར་གནས་ཚུལ་སྤེལ་དོན། ད་རེས་ཀརྨ་པ་མཆོག་མོན་རྟ་དབང་ནང་ཆིབས་བསྒྱུར་བསྐྱངས་གནང་དེ་ནི་ཉེ་དུས་རྒྱ་གར་དབུས་གཞུང་གི་བློན་ཆེན་ལྷན་ཚོགས་ནས་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ཀརྨ་པ་རིན་པོ་ཆེ་རྣམས་ནི་རྒྱ་གར་གཞུང་གི་སྐུ་མགྲོན་ཡིན་སྟབས་ས་གནས་གང་དུ་ཆིབས་བསྒྱུར་བསྐྱངས་ན་ཡང་དམ་བསྒྲགས་གང་ཡང་མེད་པར་ཕེབས་ཆོག་པའི་རང་དབང་ཡོད་སྐོར་གསུངས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།
ཕྱི་ལོ་༡༩༩༩་ལོར་ཀརྨ་པ་རིན་པོ་ཆེ་མཆོག་བོད་ནས་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་སྐབས་མོན་རྟ་དབང་བརྒྱུད་ནས་ཕེབས་ཡོད་པ་རེད་ལ་ཀརྨ་པ་སྐུ་ཕྲེང་གསུམ་པ་རབ་བྱུང་རྡོ་རྗེ་མཆོག་ད་ནས་རྩིས་པའི་ལོ་༩༠༠་གོང་ལ་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད༎
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།