༄༅༎བཀའ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧ པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས། བལ་ཡུལ་དང་རྒྱ་གར། བོད་ཀྱི་ས་ཁུལ་བཅས་ནང་ས་ཡོམ་གྱི་གནོད་འཚེ་ཕོག་པ་ཚོར་ཐུགས་སྨོན་གནང་ཡོད་པ་རེད།
དེ་རིང་རེས་གཟའ་མིག་དམར་ཉིན། རྒྱལ་བ་ཀརྨ་པ་མཆོག་གིས་གསུང་འཕྲིན་ཞིག་འགྲེམས་སྤེལ་གནང་བའི་ནང༌། ད་རེས་ཉེ་ཆར་འབྲས་ལྗོངས་དང་དེ་བཞིན་རྒྱ་གར་བྱང་དང་ཤར་ཕྱོགས་ཀྱི་ས་ཁུལ། བལ་ཡུལ་སོགས་ནང་ས་ཡོམ་གྱི་གནོད་འཚེ་བྱུང་སྟེ། མི་ཤི་སྐྱོན་ཆག་བྱུང་བའི་གནས་ཚུལ་ཐོས་པར་བློ་ཕམ་ཆེན་པོ་བྱུང། དེར་བརྟེན་ངོས་ནས། རྐྱེན་ངན་དེའི་ནང་འདས་གྲོངས་སུ་ཕྱིན་པ་དང༌། དེ་བཞིན་གོད་ཆགས་ཕོག་པའི་ཤུལ་ལུས་མི་དམངས་ཚོའི་སེམས་སྡུག་དང་དཀའ་ངལ་མྱུར་དུ་ཞི་བའི་ཐུགས་སྨོན་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད།
ད་རེས་རེས་གཟའ་ཉི་མའི་ཉིན་ས་ཡོམ་འགུལ་ཚད་༦ དང་གྲངས་ཆུང་༨ བརྒྱབ་སྟེ་རྒྱ་གར་དང༌། བལ་ཡུལ། བོད། སྦང་ལ་རྡེཤ་ས་ཆ་གཞི་ཁྱོན་ཆེན་པོར་གཡོ་འགུལ་ཆེན་པོ་ཐེབས་ཏེ། རྒྱ་གར་ནས་མི་གྲངས་༤༧ རྐྱེན་འདས་སུ་ཕྱིན་པ་དང༌། མི་བརྒྱ་ལྷག་རྨས་སྐྱོན་ཕོག་ཡོད་པ། དེ་བཞིན་དུ་བལ་ཡུལ་ནང་མི་བརྒྱད་རྐྱེན་ལམ་དུ་ཕྱིན་པ། བོད་ནང་མི་བདུན་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད། བཙན་བྱོལ་བོད་མིའི་བཀའ་ཤག་གི་ཐོག་ནས་དོན་རྐྱེན་ནི་ཆག་སྒོ་དང་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་པ་གསུངས་ཡོད་པ་མ་ཟད། སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གིས། ད་རེས་ཀྱི་རྐྱེན་ངན་དེ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་པ་ནི། འབྲས་ལྗོངས་ཁུལ་དུ་མི་དམངས་འདས་གྲོངས་སུ་ཕྱིན་པ་ཙམ་དུ་མ་ཟད་བོད་ནང་གི་བོད་མི་རྐྱེན་ལམ་དུ་ཕྱིན་པར་བློ་ཕམ་བྱུང་ཞེས་གསུངས་ཡོད་པ་དང༌། ད་དུང་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཐོག་ནས་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་པཱ་ལྦན་འཆམ་གླིང་ལ་རེས་གཟའ་ཟླ་བའི་ཉིན་ཐུགས་གསོའི་འཚམས་འདྲི་ཞིག་ཕུལ་བའི་ནང་ལའང་ཁྱེད་ཀྱི་མངའ་སྡེ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ནང་དུ་རང་འབྱུང་གི་གནོད་འཚེ་བྱུང་སྟེ། མི་རྒྱུ་གཉིས་ལ་གནོད་འཚེ་བྱུང་བ་དེར་སེམས་སྡུག་དང་བློ་ཕམ་ཚད་མེད་བྱུང་ཞེས་གསུངས་ཡོད་པ་རེད།།