ཕྱིར་རྒྱ་གར་དུ་ཕེབས་རྒྱུར་ཐེ་ཚོམ་གང་ཡང་མེད། ཀརྨ་པ་མཆོག་གིས།
2018.07.30
རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་མི་རིང་བའི་ཕྱི་ཟླ་བཅུ་གཅིག་པའི་ནང་ཕྱིར་རྒྱ་གར་དུ་ཕེབས་རྒྱུའི་ཐད་རྒྱ་གར་གཞུང་དང་འབྲེལ་མོལ་གནང་བཞིན་པ་རེད་འདུག
དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་གྱི་བཅར་འདྲིའི་ལས་རིམ་ཞིག་གི་ཐོག། རིན་པོ་ཆེ་མཆོག་གིས་སྐུ་ངོས་ནས། རྒྱ་གར་ནི་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཕ་ཡུལ་གཉིས་པ་ལྟ་བུར་གྱུར་བ། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས། དེ་བཞིན་ཧི་མ་ལ་ཡ་དང་བོད་མི་བྱེས་འབྱོར་བའི་གནས་ཡུལ་ལྟེ་བ་ཆགས་ཡོད་པས་རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུ་ལས་ཕྱིར་འཐེན་གནང་རྒྱུའི་དགོངས་པ་གང་ཡང་མེད་ཅེས་འགྲེལ་བརྗོད་གནང་པ་དང་། དུས་ཚོད་ག་དུས་ཙམ་ལ་ཕྱིར་ཕེབས་གནང་རྒྱུའི་དགོངས་པ་བཞེས་མིན་བཀའ་འདྲི་ཞུས་པར། རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་འདི་ལོ་ཕྱི་ཟླ་ ༡༡ པའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བླ་ཆེན་རྣམ་པའི་ཚོགས་འདུ་ཞིག་གོ་སྒྲིག་གནང་བཞིན་ཡོད་པ་དེར་ངེས་པར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་ཞེས་བཀའ་གནང་ཡོད་པ་རེད།
རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུའི་གནད་དོན་ཐད་རྒྱ་གར་གཞུང་དང་བཀའ་བསྡུར་གནང་བཞིན་ཡོད་པ་དང་། དེ་ཡང་སྤྱི་ཚོགས་ནང་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ཕེབས་སྲིད་པའི་སྐོར་སོགས་དཀྲོགས་གཏམ་འདྲ་མིན་ཞིག་ཁྱབ་སྤེལ་བྱེད་བཞིན་པ་དེ་དག་ལ་གསལ་བཤད་ཞུ་ཆེད་ཡིན་པ་གསུངས་ཤིང་། དེ་སྔོན་དང་མི་འདྲ་བར་ བར་སྐབས་ནས་རྒྱ་གར་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་དང་འབྲེལ་བ་གནང་བཞིན་ཡོད་པ་གསལ་བཤད་གནང་པའི་ཁར། ལོ་ཤས་ནས་བཟུང་རྒྱ་གར་གཞུང་གིས་གནང་སྟངས་དང་གཟིགས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཙམ་ཕྱིན་ཡོད་པ་ཡང་གསལ་བཤད་གནང་ཡོད་པ་རེད།
རྒྱལ་དབང་་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ཕེབས་སྲིད་པ་དང་ཀརྨ་པ་སྐུ་འཁོར་རྒྱ་གར་དུ་ཐེངས་གཉིས་ཕེབས་ཐབས་གནང་སྐབས་གནམ་ཐང་ནས་རྒྱ་གར་གཞུང་གིས་ཕྱིར་སློག་གནང་ལུགས་སོགས་བརྗོད་པ་དེ་དག་བདེན་པ་རྩ་བ་ནས་མིན་པ་གསལ་བཤད་གནང་ཡོད་པ་རེད།
དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ནས་ཨ་རིའི་ནང་ཕེབས་ནས་ད་ཆ་ལོ་གཅིག་ཙམ་གྱི་རིང་ལ་སྐུ་བཞུགས་གནང་ཞིང་། དེ་ཡང་གཙོ་བོ་སྐུ་ངལ་གསོ་བའི་ཆེད་ཡིན་པ་གསུངས་པ་དང་། དམིགས་བསལ་སྐུ་གཟུགས་འཕྲོད་བཞེས་དང་བརྟག་དཔྱད་སོགས་ཞིབ་རྒྱས་གནང་པ་བཀའ་གནང་ཞིང་། སྐབས་རེ་སྐུ་ཁྲག་རྒྱས་པ་དང་། གཅིན་སྙིའི་ནད་ངོ་ཕྲན་བུ་ཙམ་ཡོད་པ་ལས་ཛ་དྲག་གི་རང་བཞིན་གང་ཡང་མེད་པ་ཡང་གསལ་བཤད་གནང་ཡོད་པ་རེད།
རིན་པོ་ཆེ་མཆོག་གིས་དེ་སྔ་ཀརྨ་ཀམ་ཚང་བཀའ་བརྒྱུད་ནང་དུ་འཁྲུག་རྙོག་ཡོད་པ་དེ་ཞི་འགྲིག་ཡོང་ཐབས་སུ་ཞྭ་དམར་རིན་པོ་ཆེ་དགོངས་པ་མ་རྫོགས་གོང་ལ་མཇལ་མོལ་བྱུང་ཡང་། ད་ཆ་ཁོང་སྐུ་འཚོ་བཞུགས་མེད་པའི་སྐབས་སུ་ལྷོད་གཡེང་མ་གནང་བར་ནང་ཁུལ་འགྲིག་འཇགས་ཆེད་མུ་མཐུད་འབད་བརྩོན་གནང་གི་ཡོད་སྐོར་ཡང་བཀའ་གནང་སོང་།
གསར་འགོད་པ་བཀྲིས་དབང་ཕྱུག