བོད་ཕྱི་ནང་གི་ས་གནས་ཁག་གཅིག་ནང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་བརྩི།
2019.06.26
དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་འཁྲུངས་སྐར་ཀརྨ་པའི་གདན་ས་མཚུར་ཕུ་དགོན་དང་དེ་བཞིན་རྒྱ་ནག་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་སོགས་སུ་སྲུང་བརྩི་ཞུས་འདུག
དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་དགུང་ལོ་ ༣༤་ལ་ཕེབས་པའི་འཁྲུངས་སྐར་ཡིན་པ་དང་། ཁྲིན་ཏུའུ་རུ་འཁྲུངས་སྐར་དང་འབྲེལ་བའི་རོལ་དབྱངས་རྒྱས་འཛོམས་ཤིག་གནང་པ་དེའི་ནང་། བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་གང་ས་ནས་དང་བླངས་ཐོག་ཕེབས་པའི་གཞས་པ་གཞས་མ་དང་སྒྱུ་རྩལ་བ་༤༠་སྐོར་ཞིག་མཉམ་ཞུགས་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བཙན་བྱོལ་ནང་ཡོད་པ་ཐོ་རེངས་སྐར་ཆེན་ཞུ་བ་ཞིག་གིས་འགྲེལ་བརྗོད་གནང་ཞིང་། ཁོང་གིས་གསུངས་ན་སྐབས་དེར་སྐུ་མགྲོན་མི་གྲངས་ལྔ་བཅུ་ཙམ་ལས་མེད་པ་དང་། སྐུ་མགྲོན་ཆེས་ཉུང་ངུ་ལས་མེད་པའི་རྒྱུ་མཚན་ནི་ཀརྨ་པ་རིན་པོ་ཆེའི་འཁྲུངས་སྐར་གྱི་རོལ་དབྱངས་འདུ་འཛོམས་དེ་དྲིལ་བསྒྲགས་མེད་པ་དང་། ཆོག་ཆན་མ་ཞུས་པའི་ཐོག་ནས་བྱས་པ་ཞིག་ཡིན་པ་བརྗོད་ཡོད་པ་རེད། ད་དུང་ཁོང་གིས་གཅིག་བྱས་ན་རོལ་དབྱངས་འདུ་འཛོམས་གོ་སྒྲིག་བྱེད་མཁན་ཚོར་རྙོག་གྲ་འབྱུང་སྲིད་པའི་ཞེད་སྣང་ཡང་གནང་གི་འདུག
དེ་བཞིན་བཙན་བྱོལ་ནང་གི་གདན་ས་རྒྱ་གར་འབྲས་ལྗོངས་མངའ་ཁུལ་རུམ་ཏེག་དགོན་པར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་(Prem Singh Tamang)་མཆོག་གི་དབུ་བཞུགས་ཐོག་སྲུང་བརྩི་ཞུས་ཤིང་། སྤྱི་ཁྱབ་བློན་ཆེན་མཆོག་གིས་ཀརྨ་པ་སྐུ་ཕྲེང་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་མགྱོགས་མྱུར་འབྲས་ལྗོངས་ནང་གདན་ཞུ་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།
རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༡༧་ཕྱི་ཟླ་༥་པའི་ནང་རྒྱ་གར་ནས་ཨ་རིར་ཕེབས་རྗེས། ཀ་རི་སྦི་ཡན་མཚོ་སྒུག་གི་ཡུལ་གྲུ་ཌོ་མི་ནི་ཀའི་མི་སེར་གྱི་ཕྱག་འཁྱེར་བཟོས་གནང་ཞིང་། རྒྱ་གར་དུ་ཕེབས་རྒྱུའི་འདུན་པ་བཏོན་གནང་ཡོད་ཀྱང་ད་བར་ཕེབས་ཐུབ་མེད་པ་རེད།