བལ་ཡུལ་དུ་རང་ལུས་མེར་སྲེག
2013.08.06

༄༅༎དེ་རིང་ཕྱི་ཟླ་༨ཚེས་༦ཉིན་གྱི་སྔ་དྲོའི་ཚོུད་བདུན་དང་ཕྱེད་ཀ་ཙམ་ལ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་གྱི་ཤར་ཕྱོགས་ངོས་སུ་བོད་པའི་དགེ་འདུན་པ་ཞིག་གིས་བོད་དོན་ཆེད་དུ་རང་ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་པ་རེད།
ང་ཚོའི་བལ་ཡལ་གྱི་གསར་འགོད་པས་བཏང་བའི་གནས་ཚུལ་ལ་གཞིགས་ན། དགེ་འདུན་པ་ཁོང་གི་མཚན་ལ་ཀརྨ་ངེས་དོན་རྒྱ་མཚོ་ཞུ་བ་དང། ཕྱི་ལོ་༡༩༧༤ ལོའི་ཕྱི་ཟླ་༧ཚེས་༢༨ ཉིན་ཁམས་ནག་ཆུ་ས་ཁུལ་འདམ་གཞུང་རྗོང་དུ་འཁྲུངས་སྟེ་ད་ལྟ་དགུང་ལོ་༣༩ ཕེབས་ཡོད་ཅིང། ཁོང་གི་ཕ་ཡི་མཚན་ལ་འཇམ་དབྱངས་བཀྲིས་ལགས་དང། མ་ཡི་མཚན་ལ་ཨོ་རྒྱན་ལགས་ཞུ་ཡི་ཡོད་འདུག ཁོང་ཕྱི་ལོ་༢༠༡༡ལོར་བལ་ཡུལ་བརྒྱུད་བཙན་བྱོལ་དུ་ཕེབས་ཏེ་བལ་ཡུལ་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་ནས་ལམ་ཡིག་ཆོག་མཆན་བསྣམས་ཏེ་རྒྱ་གར་ནང་དུ་ཕེབས་ཡོད་ཀྱང་དེ་རྗེས་རྒྱ་གར་ནས་བསྐྱར་དུ་བལ་ཡུལ་ནང་ག་དུས་ཕེབས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་མེད་པ་རེད། ཁོང་གིས་དེ་རིང་སྔ་དྲོ་མཆོད་རྟེན་སྐུ་མདུན་དུ་སྟོང་མཆོད་ཕུལ་བ་དང་སྨོན་ལམ་བཏབས་པའི་རྗེས་རང་ལུས་མེ་སྲེག་བཏང་བ་དང། ལུས་ཐོག་གི་མེ་ལྕེ་ཆེན་པོ་འབར་བཞིན་ཡོད་ཀྱང་བོད་ལ་སྐྱིད་པའི་ཉི་མ་ཞེས་འབོད་སྒྲ་སྒྲོག་ཡོད་པ་དང། དེ་རྗེས་སྐར་མ་༡༥ ཙམ་ནས་བལ་པོའི་ཉེན་རྟོག་པ་འབྱོར་ཏེ་སྨན་ཁང་དུ་བསྐྱལ་ཡོད་ཀྱང་ཁོང་གི་སྐུ་ལུས་ཀྱི་མེ་ལྕེ་འབར་ཤུགས་ཆེ་དྲག་ཏེ་སྨན་ཁང་དུ་མ་འབྱོར་སྔོན་ནས་འདས་གྲོངས་སུ་ཕྱིན་ཟིན་པ་སྨན་པས་གསུངསཡོད་པ་རེད། དེ་རིང་སྐུ་ཞབས་ཀརྨ་ངེས་དོན་རྒྱ་མཚོ་ལགས་ཀྱིས་བལ་ཡུལ་མཆོད་རྟེན་དུ་རང་ལུས་མེ་བསྲེག་བཏང་གནང་བའི་རྗེས་བལ་ཡུལ་མཆོད་རྟེན་ཁུལ་དུ་ཉེན་རྟོག་པས་སྔར་བས་མང་དུ་འགྲེམས་འཇོག་བྱས་ཡོད་པ་མ་ཟད། དེ་རིང་སྔ་དྲོའི་ཚོུད་༡༡ དང་སྐར་མ་༤༥ ཙམ་ལ་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁག་གི་ལས་བྱེད་པ་གཉིས་བལ་པོའི་ཉེན་རྟོག་ལས་ཁུངས་སུ་ཡོང་སྟེ་རང་ལུས་མེ་སྲེག་དོན་རྐྱེན་འདྲི་ཞིབ་བྱས་ཡོད་པ་རེད། བལ་པོའི་ཉེན་རྟོག་པས་ཕེ་རན་སི་གསར་འགོད་པར། དགེ་འདུན་པ་ཁོང་གི་གང་ནས་ཡིན་མིན་དང། རྒྱབ་ལྗོངས་ཀྱི་ལོ་རྒྱུས། དོན་རྐྱེན་འབྱུང་རིམ་སོགས་ཀྱི་སྐོར་འཚོལ་ཞིབ་བྱ་རྒྱུ་ཡིན་པ་དང། ༢༠༡༡ ལོའི་ཕྱི་ཟླ་༡༡ པ་ནས་བཟུང་བལ་ཡུ་མཆོད་རྟེན་ཁུལ་དུ་རང་ལུས་མེ་སྲེག་བཏང་བའི་དོན་རྐྱེན་ཐེངས་གསུམ་བྱུང་ཡོད་ལུགས་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།།