ཀརྨ་ཆོས་འཕེལ་ལགས་སྐུ་གྲོངས་པར་གཞུང་འབྲེལ་མྱ་ངན་ཞུས་བ།

བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་འཐུས་ཀརྨ་་ཆོས་འཕེལ་ལགས་སྐུ་གྲོངས་བར་གཞུང་འབྲེལ་མྱ་ངན་དང་བསྔོ་སྨོན་གནང་བ།

ཀརྨ་ཆོས་འཕེལ་ལགས་སྐུ་གྲོངས་པར་གཞུང་འབྲེལ་མྱ་ངན་ཞུ་བཞིན་པ། ༢༠༡༦།༢།༡ tibet.net

དེ་ཡང་བོད་མི་མང་སྤྱི་འཐུས་ལས་ཐོག་དང་། སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་སྙུན་མནར་དྲག་སྐྱེད་མ་བྱུང་བར། ཉེ་ཆར་ཟླ་དང་པོའི་ཕྱི་ཚེས་༢༩རེས་གཟའ་པ་སངས་ཀྱི་མཚན་དཀྱིལ་ཙམ་ལ་སྐུ་ཚེ་མ་ཟིན་པ་རེད། དེར་བཀའ་ཤག་ནས་ཐུགས་ཕམ་དང་སྦྲགས་བཀུར་འོས་སྤྱི་འཐུས་དམ་པ་དེ་ཉིད་ལ་གཞུང་འབྲེལ་མྱ་ངན་གུས་བཏུད་ཞུ་སླད། ཁ་སང་ཕྱི་ཚེས་༡གི་ཉིན་རྒྱབ་ཆུ་ཚོད་༢ནས་བོད་མིའི་སྒྲིག་འཛུགས་དབུས་ཀྱི་ལས་ཁུངས་ཁག་ཉིན་ཕྱེད་སྒོ་སྐྱོན་གནང་འདུག
དེ་བཞིན་ཁ་སང་ཉིན་གུང་ཆུ་ཚོད་༡༢ཐོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་བསྔོ་སྨོན་གསུང་འདོན་གནང་འདུག
དམ་པ་ཁོང་ནི། ཕྱི་ལོ་༡༩༤༩ལོར་མངའ་རིས་ཀྱི་སྐྲ་བདུན་དུ་འཁྲུངས་ཤིང་། དེ་ནས་སྤྱི་ལོ་༡༩༥༩ལོར་བཙན་བྱོལ་དུ་ཕེབས་པ་དང་སློབ་གྲྭ་འགྲིམ་རྗེས། སྤྱི་ལོ་༡༩༧༣ལོར་སྤེལ་ཀོབ་གཞིས་ཆགས་གསར་རྙིང་སུ་བོད་གཞུང་ནས་འཕྲལ་སེལ་དགེ་རྒན་དུ་ཆེད་གཏོང་གནང་ཡོད་པ་དང་། དེ་ནས་སྦེང་ལོ་མཐོ་སློབ་ཏུ་དགེ་རྒན་འོས་སྦྱོང་གི་སློབ་སྦྱོང་གནང་བཞིན་མཐོ་སློབ་ཐོན་རྗེས་སྦེལ་ཀོབ་ཏུ་སླར་ཡང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་ལ། དེ་ནས་རིམ་བཞིན་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་རྒྱུན་ལས་དང་། བོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འགན་བཞེས་པ་དང་། ཕྱི་ལོ་༡༩༧༠ནས་༡༩༧༦བར་ལྡི་ལི་དང་། སྦེལ་ཀོབ་གཉིས་སུ་ས་གནས་གཞོན་ནུའི་ཚོགས་གཞོན་དང་། དྲུང་ཆེ། ༡༩༧༧ནས་ ༡༩༨༣བར་དང། ༡༩༨༦ནས་༡༩༨༩བར་གཞོན་ནུའི་དབུས་རྒྱུན་ཁོངས་ཚོགས་གཞོན་དང་ཚོགས་གཙོ་གནང་། ༡༩༩༤ ནས་ ༡༩༩༦ བར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགོ་འཛུགས་ཀྱི་ཚོགས་གཙོ་དང་། ༢༠༠༥།༢༠༠༦ལོར་སླར་ཡང་ཚོགས་གཙོ་གནང། སྐབས་ ༡༡ དང་། ༡༢། ༡༣། ༡༤བཅས་ལ་མུ་མཐུད་དབུས་གཙང་མི་མང་ནས་སྤྱི་འཐུས་སུ་འོས་འདེམས་བྱུང་བ་དང་། སྐབས་བཅོ་ལྔའི་བཀའ་བརྒྱུད་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ལྟར་ལས་འགན་བཞེས་བཞིན་པའི་ཐོག་༢༠༡༦ཟླ་༡ཚེས་༢༩རེས་གཟའ་པ་སངས་ཀྱི་མཚན་དཀྱིལ་དེ་སྔ་ནས་སྙུང་གཞི་བཞེས་ཤིང་དྲག་སྐྱེད་མ་བྱུང་བར་བརྟེན་གཟིམ་ཤག་ཏུ་སྐུ་གྲོངས་ཡོད་པ་རེད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org