ནང་ཆེན་རྫོང་དུ་བོད་མིས་ངག་བཅད་ངོ་རྒོལ་བྱས་འདུག
2014.01.16
ནང་ཆེན་རྫོང་དུ་བོད་མི་ཚོས་མཁན་པོ་ཀརྨ་ཚེ་དབང་ལགས་གློད་བཀྲོལ་ཆེད་ངག་བཅད་ངོ་རྒོལ་བྱས་ནས་ཞུ་འབོད་ལས་འགུལ་སྤེལ་འདུག
དེ་ཡང་འདི་གའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཚེས་༡༤ཉིན་ནང་ཆེན་ས་གནས་ཀྱི་བོད་མི་མང་པོ་དགོན་པར་ཇ་པ་དགོན་པར་བཅར་བ་དང་། ཚེས་༡༥ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ཙམ་ལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཐོག་ལ་ཇ་པ་དགོན་པའི་དགེ་འདུན་པ་༦༠ལྷག་ཙམ་དང་། ས་གནས་ཀྱི་མང་ཚོགས་༤༠༠ཙམ་ནས་ནང་ཆེན་རྫོང་གི་བཙོན་ཁང་མདུན་ངག་བཅད་ངོ་རྒོལ་བྱས་འདུག ངོ་རྒོལ་བ་ཚོའི་དགོས་འདུན་ནང༌། ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ན་ནིང་སྤྱི་ཟླ་༡༢ཚེས་༦ཉིན་འཛིན་བཟུང་བྱས་ཏེ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་གནས་ཀྱི་ཆབ་མདོ་རྫོང་ནང་བཀག་ཉར་བྱས་ནས་ད་ལྟ་བར་ཉིན་གྲངས་༤༠ཏག་ཏག་འགྲོ་གི་ཡོད་པ་དང་། མཚན་མཐོང་དང་གུས་བཀུར་ཆེན་པོ་ཡོད་པའི་མཁན་པོ་ཁོང་འཛིན་བཟུང་བཀག་ཉར་བྱས་བ་ནི་ལུགས་དང་མི་མཐུན་པ་ཞིག་ཡིན་པས། མཁན་པོ་ཀརྨ་ཚེ་དབང་གི་ཆེད་དུ་ངག་བསྡམས་ཟས་བཅད་བྱས་ཏེ་མཁན་པོ་གློད་འགྲོལ་མ་ཐོབ་བར་སྡོད་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག རྗེས་སུ་ནང་ཆེན་རྫོང་སྤྱི་བདེ་ཚན་པའི་འགོ་ཁྲིད་ཀྱིས་ཉིན་ལྔའི་ནང་ཚུད་མཁན་པོའི་གནས་ཚུལ་འགྲེལ་བརྗོད་བྱ་རྒྱུ་དང་། བཀག་ཉར་འོག་ཡོད་པའི་དགེ་འདུན་པ་དགུ་པོ་ཀློད་འགྲོལ་གཏོང་རྒྱུའི་ཁས་ལེན་བྱས་འདུག འོན་ཀྱང་ཆ་རྐྱེན་ནི་ངག་བཅད་བྱ་མཁན་སེར་སྐྱ་མང་ཚོགས་ཚོས་ངེས་པར་དུ་ངག་བཅད་ལས་འགུལ་མཚམས་འཇོག་དགོས་ལུགས་བརྗོད་ཡོད་འདུག དེ་ལྟར་རྫོང་སྤྱི་བདེ་ཚན་པའི་འགོ་ཁྲིད་རང་གིས་ཁས་ལེན་བྱས་པར་བརྟེན་ངག་བཅད་ལས་འགུལ་ཆུ་ཚོད་བཞི་ལྷག་ཙམ་སྤེལ་བའི་རྗེས་མཇུག་སྒྲིལ་བྱས་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།