བཀའ་ཁྲི་མཆོག་གིས་རང་ཡུལ་བོད་ཀྱི་ས་འགྲེམས་སྟོན་དབུ་འབྱེད།

བོད་ནས་རྒྱ་གར་དུ་འོར་འདྲེན་བྱས་པའི་ས་ཀི་ལོ་ཉིས་ཁྲིའི་ས་ཐོག་ཏུ་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་བའི་གནས་ཚུལ།

༄༅༎ཕྱི་ཟླ་༡༠ཚེས་༢༦རེས་གཟའ་ལྷག་པའི་ཉིན་རྟེན་འབྲེལ་མཚོན་ཆེད་སྒྱུ་རྩལ་མཁན་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བོད་ནས་ས་ཀི་ལོ་ཉིས་ཁྲི་རྒྱ་གར་དུ་འོར་འདྲེན་གནང་སྟེ་བཞུགས་སྒར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་འགྲེམས་སྟོན་གནང་ཡོད་པའི་སྐོར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་ཞེས་པའི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་འདུག
ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་ནང་བཅའ་བཞུགས་ཀྱི་ཡོད་པ་སྙན་ངག་པ་དང་རི་མོ་བྲིས་མཁན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་བསྟན་འཛིན་རིག་གྲོལ་ལགས་ཀྱིས་ཁྱོན་དུས་ཡུན་ཟླ་བ་༡༧ཙམ་རིང་འབད་རྩོན་དང་དཀའ་ངལ་སྐྱོན་ནས་རྟེན་འབྲེལ་མཚོན་བྱེད་དུ་བོད་ནས་ས་ཀི་ལོ་ཉིས་ཁྲི་བཞུགས་སྒར་དུ་འོར་འདྲེན་བྱས་འདུག་པ་དང་། དེ་རིང་ཞོགས་པ་རྡ་སྟེང་བོད་ཁྱིམ་ལག་རྩེད་སྤོ་ལོའི་ཐང་དུ་ས་དེ་དག་འགྲེམས་སྟོན་གྱི་ཚུལ་དུ་གདེང་ཆ་ཞིག་སྐྲུན་པའི་སྟེང་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་བ་དང་། བཀའ་ཁྲི་མཆོག་གིས་བོད་ཀྱི་ས་ཐོག་ཏུ་ཕེབས་ནས་གསུང་བཤད་གནང་བའི་ནང་། དེ་རིང་འདིར་བོད་ཁྱིམ་གྱི་སློབ་ཟུར་བསྟན་འཛིན་རིག་གྲོལ་ལགས་ཀྱིས་སྐུ་ལས་བསྐྱོན་ནས་བོད་ནས་ས་ཕོན་ཆེ་ཞིག་བཞུགས་སྒར་དུ་འོར་ཐུབ་པ་བྱུང་འདུག དེའི་དམིགས་ཡུལ་ཚང་མས་མཁྱེན་གསལ་ལྟར། བོད་ཕྱི་ནང་གཉིས་ཀར་ཡོད་པའི་བོད་མི་ཚོའི་རེ་བར་ཕ་ཡུལ་བོད་དང་བོད་ཀྱི་ས་ཐོག་ཏུ་མཉམ་འཛོམས་ཐུབ་ན་བསམས་པའི་རེ་བ་དེ་ཡོད་པ་སོགས་གསུང་བཤད་གནང་འདུག བསྟན་འཛིན་རིག་གྲོལ་ལགས་ཀྱི་སྒྱུ་རྩལ་འགྲེམས་སྟོན་འདིའི་དམིགས་ཡུལ་གཙོ་བོ་ནི། ང་ཚོའི་མི་རབས་རྒན་པ་རྣམས་ལ་བོད་ཀྱི་ས་ཡང་བསྐྱར་མཇལ་རྒྱུ་དང་།བཙན་བྱོལ་ནང་སྐྱེས་པའི་མི་རབས་གསར་པ་རྣམས་ལ་བོད་ཀྱི་ས་དངོས་སུ་མཇལ་རྒྱུའི་གོ་སྐབས་བསྐྲུན་རྒྱུ་མ་ཟད། གཞིས་བྱེས་མཉམ་འཛོམས་ཡོང་བའི་རྟེན་འབྲེལ་ཡང་ཡིན་ཞེས་གསུང་འདུག ཡང་ཁོང་གིས་དེ་རིང་སྔ་དྲོ་ཁོང་རྣམས་ཀྱིས་བོད་ཀྱི་ས་དེ་འཁྱེར་ནས་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་པ་ཡིན་ཞེས་དང་།སྐབས་དེར་༸གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོས་ཕྱག་འཆང་ནས་ས་དེའི་སྟེ་བོད་ཅེས་པའི་ཕྱག་ཡིག་ཅིག་བྲིས་གནང་སོང་ཞེས་གསུང་འདུག ད་རེས་སྒྱུ་སྩལ་གྱི་འགྲེམས་སྟོན་དེའི་ཐོག་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་དགེ་སློབ་མ་ཡོངས་དང་། རྡ་ས་གནས་སྡོད་བོད་མི་བོད་དོན་ས་འགུལ་བ་དང་། ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་སྟོང་ཕྲག་ལྷག་ཙམ་འདུ་འཛོམས་བྱུང་ཡོད་ཅིང་། ས་འདི་ཉིན་གསུམ་རིང་འགྲེམས་སྟོན་བྱས་ནས་ ད་རྗེས་བོད་མི་ཚོས་དྲན་རྟེན་གྱི་ཚུལ་དུ་སོ་སོའི་ནང་དུ་འཁྱེར་འགྲོ་ན་འགྲིག་གི་རེད་ཅེས་བསྟན་འཛིན་རིག་གྲོལ་ལགས་ཀྱིས་གསུངས་འདུག།