བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་སོགས་སྐོར་ངོ་སྤྲོད།
2011.11.14
༄༅༎བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་ཧི་མ་ལ་དང་བྱང་ཤར་མངའ་ཁུལ་གྱི་སློབ་མ་ཁག་ཅིག་ལ་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད་
བཀའ་བློན་ཁྲི་པ་མཆོག་གིས་བཙན་བྱོལ་བོད་མིའི་སྲིད་དོན་གྱི་གནས་བབ་དང་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བཙན་བྱོལ་བོད་མི་རྣམས་ཀྱིས་འོས་བསྡུ་གནང་བའི་འགོ་འཁྲིད་རྣམས་ལ་གནང་ལུགས་སྐོར་སོགས་གསུང་ཡོད་པ་རེད་ དེ་བཞིན་བཀའ་བློན་ཁྲི་པ་མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་ཇི་ལྟར་དབུ་འཛུགས་གནང་བའི་ལོ་རྒྱུས་སྐོར་དང་རང་ཉིད་བཀའ་བློན་ཁྲི་པའི་འོས་བསྡུར་བཞེངས་སྟངས་དང་ད་ཆ་བཀའ་བློན་ཁྲི་པ་དངོས་སུ་ཆགས་སྐབས་དཀའ་རྙོག་ཁག་ལ་གདོང་ལེན་ཇི་འདྲ་གནང་གི་ཡོད་སྐོར་གསུང་ཡོད་པ་རེད་ སྐབས་དེར་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་གྱི་ཧི་མ་ལ་ཡ་དང་བྱང་ཤར་མངའ་ཁུལ་གྱི་སློབ་ཕྲུག་རྣམ་པས་རང་ཉིད་ཀྱི་དུས་ཚོད་བརྒྱ་ཆ་ ༧༥ རང་དོན་དང་དེ་མིན་གྱི་བརྒྱ་ཆ་ ༢༥ བོད་ཀྱི་གནད་དོན་ཐོག་གཏོང་གནང་ཡོང་བའི་འབོད་བསྐུལ་གནང་ཡོད་པ་རེད་ བཀའ་བློན་ཁྲི་པའི་བཀའ་སློབ་གསུང་བཤད་དེ་རྗེས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་རྒྱ་གར་བའི་སློབ་ཕྲུག་རྣམ་པར་བཙན་བྱོལ་བོད་མིའི་ནང་དམངས་གཙོའི་ལམ་ལུགས་འབྱུང་རིམ་དང་བཙན་བྱོལ་བོད་མའི་འོས་བསྡུའི་འོས་དམིགས་ཡོང་ཁུངས་དེ་རྒྱ་གར་དང་མི་འདྲ་བ་ཇི་འདྲ་ཡོད་པའི་སྐོར་གསལ་བཤད་རྒྱས་ཤིང་རྒྱས་པ་གནང་ཡོད་པ་རེད་ གོང་ཞུས་ཀྱི་ལས་འཆར་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ཧི་མ་ལ་ཡ་དང་བྱང་ཤར་མངའ་ཁུལ་གྱི་སློབ་ཕྲུག་ཁག་ཅིག་ལ་བཞུགས་སྒར་དུ་ཕྱི་ཚེས་ ༡༠ ནས་ཕྱི་ཚེས་ ༡༢ བར་ཉིན་ ༣ རིང་གཟབ་སྦྱོང་ཞིག་གོ་སྒྲིག་གནང་བའི་ལས་འཆར་ཁོངས་གཅིག་ཡིན་པ་རེད