༄༅༎དེ་རིང་ཕྱི་ཟླ་བདུན་པའི་ཚེས་༡ཉིན་བཀའ་ཁྲི་ཟམ་གདོང་རིན་པ་ཆེས་བཞུགས་སྒར་རྡ་རམ་ས་ལའི་བཀའ་ཤག་གསར་པའི་ཡང་སྟེང་དུ། ཕྱི་ལོ་གསར་པའི་ལོ་འགོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་བཀའ་དབང་ཐེངས་༣༢ པ་སྩལ་རྒྱུའི་གྲ་སྒྲིག་ཚོགས་ཆུང་གི་དྲ་རྒྱ་www.kalachakra2012.org ཞེས་པ་དབུ་འབྱེད་གནང་ཡོད་པ་རེད།
དེ་ཡང་དུས་འཁོར་བཀའ་དབང་གི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མོན་རྟ་དབང་དགོན་པའི་སློབ་དཔོན་བླ་མ་ངག་དབང་ནོར་བུ་ལགས་དང༌། གྲ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་ཐུབ་བསྟན་བྱམས་པ་ལགས་། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས། རྡ་སའི་ཕྱི་ནང་གསར་འགོད་པ་བཅས་ཁྱོན་མི་གྲངས་༢༠ ཙམ་འདུ་འཛོམས་སར་དྲ་རྒྱ་དབུ་འབྱེད་གནང་བ་དང༌། བཀའ་ཁྲི་མཆོག་གི་དབུ་འབྱེད་གསུང་བཤད་ནང༌། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་སྐུ་ཕྲེང་རིམ་འབྱོན་གང་ལས་ལྷག་པ་བོད་དང། རྒྱ་གར་འཕགས་པའི་ཡུལ། ནུབ་ཕྱོགས་གླིང་ཆེན་ཁག སོག་ཡུལ་སོགས་ཡུལ་གྲུའི་ནང་བཀའ་དབང་ཐེངས་མང་པོ་སྕལ་ཏེ་རླབས་ཆེན་གྱི་མཛད་འཕྲིན་བསྐྱང་གནང་ཡོད་པ་དང༌། ཕྱི་ལོ་༢༠༡༢ ལོ་འགོར་གནས་མཆོག་རྡོ་རྗེ་གདན་དུ་སླར་ཡང་དུས་འཁོར་བཀའ་དབང་ཐེངས་༣༢ པ་སྩལ་རྒྱུ་དེ་ནི། ཉེ་ཆར་གནམ་གྲུ་བརྡབ་སྐྱོན་བྱུང་སྟེ་སྐུ་གཤེགས་པའི་་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་དམ་པ་འདི་ཉིད་དང་དེ་བཞིན་དད་ལྡན་སྦྱིན་བདག་མང་པོ་ཞིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་ཕེབས་པ་ནི། སྐྱེ་འགྲོའི་དོན་དུ་རླབས་ཆེན་གྱི་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཡིན་ཞིང༌། ད་རེས་ཀྱི་དུས་འཁོར་བཀའ་དབང་དེའི་སྐབས་གངས་ཅན་ལྗོངས་ཀྱི་ཆོས་རྒྱུད་རེས་མེད་ལྷན་འཛོམས་ཀྱིས་འཛམ་གླིང་ཞི་བདེའི་ཆེད་དུ་སྨོན་ལམ་དང་འབུམ་ཚོགས་ཚོགས་རྒྱུ་དང༌། ལྷག་པར་དུ་༧གོང་ས་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཕྱིར་རྒྱ་ཧོར་བོད་གསུམ་གཙོས་པའི་བལ་པོ་དང་འབྲུག་པ། ཧི་ལ་ཡའི་རི་རྒྱུད་། རྒྱ་ནག་སྐམ་ས་ཆེན་པོ། དམིགས་བསལ་བླ་སློབ་དམ་ཚིག་ལྡན་པའི་མི་དམངས་བཅས་ལྷ་མི་ཟུང་འབྲེལ་གྱིས་བརྟན་བཞུགས་རྒྱས་པ་ཞིག་འདེགས་འབུལ་ཞུ་རྒྱུ་དང༌། འཛམ་གླིང་ཆོས་ལུགས་ཁག་གི་བླ་ཆེན་དང༌། ཞི་བདེའི་གཟེངས་རྟགས་བཞེས་མཁན་གདན་ཞུ་གནང་སྟེ་སྨོན་ལམ་ཚོགས་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།