བཀའ་བློན་ཁྲི་པ་མཆོག་ཨི་ཊ་ལི་ལ་ཕེབས་ཡོད་པ།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་ཨི་ཊ་ལཱིའི་རང་སྐྱོང་མངའ་སྡེ་ལྷོ་ཊི་རོལ་དང་ཊེ་རེན་ཊོར་ཕེབས་འབྱོར།

2012.02.28

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས། ཨི་ཊ་ལཱིའི་རང་སྐྱོང་མངའ་སྡེ་ལྷོ་ཊི་རོལ་དང་། ཊེ་རེན་ཊོའི་སྲིད་འཛིན་ནས་གདན་ཞུས་ལྟར་དེ་རིང་ཕྱི་ཟླ་ ༢ ཚེས་ ༢༨ ཀྱི་སྔ་དྲོ་མངའ་སྡེ་དེའི་རྒྱལ་ས་སྦོ་ཛཱ་ནོར་ཕེབས་འབྱོར་གནང་འདུག
དེ་ཡང་སུད་སིའི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་དྲ་རྒྱ་བརྒྱུད་ཡོངས་ཁྱབ་གནས་ཚུལ་ཞིག་སྤེལ་གནང་པ་དེའི་ནང༌།  ལྷོ་ཊི་རོལ་དང་ཊེ་རོན་ཊོ་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་སྐུ་ཞབས་ལུཨི་ཌན་ལྦལ་ཌར་གྱི་བློན་ཆེན་གཙོ་བོ་ཞིག་གིས་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་མཇལ་འཕྲད་ཞུས་འདུག་ཅིང༌། དེ་རིང་ཕྱི་ཟླ་ ༢ ཚེས་ ༢༨ ཀྱི་ཉིན་རྒྱབ་བཀའ་བློན་ཁྲི་པ་མཆོག་གིས་གསར་འགོད་པ་ཁག་གཅིག་ལ་བཅར་འདྲི་དང་ལེན་ཡང་གནང་འདུག
ཨི་ཊ་ལིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཀྲི་ཡོ་མེ་ཀ་ཆི་ཆེད་མངགས་ཨི་ཊ་ལིའི་རྒྱལ་ས་རོམ་ནས་ལྷོ་ཊི་རོལ་གྱི་རྒྱལ་སར་ཕེབས་ཏེ་བཀའ་བློན་ཁྲི་པ་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།
ལྷོ་ཊི་རོལ་གྱི་ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱལ་ས་བྷོ་ཛ་ནོར་རྟེན་གཞི་བྱེད་པའི་ཡོ་རོབ་ཞིབ་འཇུག་ཁང་དུ་བཀའ་བློན་ཁྲི་པ་མཆོག་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་ཅིག་གོ་སྒྲིག་ཞུས་འདུག་ཅིང༌། བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་ཀྱིས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་ཁག་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་འཁྲིད་ཚོར་རྩིས་སྤྲོད་མཛད་གནང་མཛད་རྒྱུ་དེ་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་དགོངས་ཤིག་ཡིན་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་ཕྱོགས་ཀྱི་༧སྐུ་དབང་ཡོངས་རྫོགས་ཐུགས་སྤོབས་ལྡན་ཞིང་དགའ་སྤྲོའི་ངང་ནས་རྩིས་སྤྲོད་མཛད་གནང་མཛད་པའི་སྐོར་འགྲེལ་བརྗོད་གནང་འདུག
ཡང་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་འགྲེལ་བརྗོད་གནང་སྐབས།  རྒྱ་ནག་གཞུང་གིས་བོད་ནང་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཡུལ་བསྐོར་སྤྲོ་འཆམ་པ་གཏོང་གི་མེད་པའི་ཁར་རྒྱ་ནག་གི་དམག་དཔུང་འབོར་ཆེ་བོད་ཀྱི་ས་ཁུལ་ཁག་ནང་ཆེད་གཏོང་བྱེད་བཞིན་པའི་སྐོར་གསུངས་འདུག།
ཨི་ཊཱ་ལིའི་གྲོས་ཚོགས་ནས་ཉེ་ཆར་བོད་དོན་སྐོར་གྲོས་ཆོད་ཅིག་བཞག་ཡོད་ལ། རྒྱུན་དུ་ནས་བོད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་བློན་ཁྲི་པ་མཆོག་གིས་ཨི་ཊཱ་ལིའི་གཞུང་དང་མི་དམངས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎