སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུང་བཤད།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་༡༤པའི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གྱི་འཆར་གཞི་ཁག་གསལ་བཤད།

2011.09.16

༄༅༎དཔལ་ལྡན་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གིས། བོད་མི་དམངས་སྤྱི་འཐུས་སྐབས་༡༥ པའི་ཚོགས་དུས་གཉིས་པའི་ཐོག་བཀའ་བློན་གསར་པའི་མཚན་གཞུང་ཕུལ་བར་གྲོས་ཚོགས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་གནང་བ་དང་སྦྲགས་བཀའ་ཤག་སྐབས་༡༤ པའི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གྱི་འཆར་གཞི་ཁག་གསལ་བཤད་གནང་ཡོད་པ་རེད།
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུང་བཤད་ནང༌། གཙོ་བོ་ཁོང་རང་ཉིད་ཆབ་སྲིད་ཀྱི་འགན་འཁུར་དམ་བཅའ་བཞེས་པའི་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེ་སྔ་སྲིད་སྐྱོང་སྟག་བྲག་སྐུ་མདུན་ནས་༧གོང་ས་མཆོག་ནས་སྲིད་སྐྱོང་རྩིས་ལེན་ཞུས་པ་འདི། དེ་རིང་མི་དམངས་ཀྱིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ནས་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་བཀའ་གནང་བ་ཡོིད་ལ། ལྷག་པར་དུ་རྒྱལ་དབང་སྐུ་ཕྲེང་བདུན་པས་བཀའ་ཤག་བསྐྱར་འཛུགས་གནང་བའི་སྐབས་བསྩལ་གནང་བའི་བཀའ་ཤག་གི་ཁྲིམས་མཐུན་མཚོན་རྟགས་བཀའ་དམ་སྲིད་ཞི་བདེ་སྐྱིད་མ་རྩིས་སྤྲོད་གནང་བ་དེས། བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་དང༌། ཁྲིམས་མཐུན་གྱི་བདག་དབང༌། ལོ་རྒྱུས་ཀྱི་རང་བཞིན་མུ་མཐུད་ནས་རྒྱུན་མཐུད་ཡོད་པ་མཚོན་གྱི་ཡོད་ཅེས་དང༌། བཀའ་ཤག་སྐབས་༡༤ པ་དེའི་དུས་རྒྱུན་ལོ་ལྔའི་རིང་ལ། ཆིག་སྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བྱ་རྒྱུའི་ལྟ་གྲུབ་གསུམ་པོ་གཞི་རྩར་བཟུང་སྟེ། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྲ་བརྟན་རྒྱུན་གནས་ཀྱིས་བོད་མིའི་རང་དབང་བསྐྱར་གསོ་དང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་ཐབས། བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་མི་ཉམས་གོང་འཕེལ་ཡོང་བ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱི་དང་ཁྱད་པར་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཚགས་ཚུད་ཡོང་ཐབས་འབད་བརྩོན་ཞུ་རྒྱུ།ལྷག་དོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་འགན་ཁུར་རྒྱ་གར་དབུས་དང་ས་གནས་གཞུང་གིས་ཐུགས་འགན་རྐང་བཞེས་ཐོག་བདེ་སྲུང་ལས་ཁུངས་ནས་དམ་དོན་ཞུ་མུས་ཡིན་ནའང་སྐུ་ཕྱའི་འགན་འཁུར་ཞུ་སྒོ་མཐའ་དག་འཐུས་ཤོར་མེད་པ་ཡོང་ཆེད་བསྐྱར་ཞིབ་ཇི་དགོས་ཞུ་རྒྱུ་། བོད་དོན་དེ་ཉིད་བདེན་མཐའ་གསལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་མུ་མཐུད་རྒྱུན་འཛིན་གྱིས་ཞི་མོལ་གྱི་ལམ་ནས་བོད་དོན་འགྲིགས་འཇགས་ཡོང་ཐབས་འབད་བརྩོན་བྱ་རྒྱུ། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་སྔར་བས་ཐོབ་ཐབས་དང༌། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུང་ཡོད་ཅིང། མཐའ་དོན། ད་བར་དུ་བོད་མི་རིགས་དང་བསྟན་སྲིད་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་སུ་ཡིད་རངས་ཞུས་པའི་སྒོ་ནས། གཞིས་བཞུགས་བོད་མིའི་སེམས་ཤུགས་གོང་དུ་འཕེལ་བ་དང༌། གདུང་སེམས་མཉམ་བསྐྱེད་མཚོན་ཆེད། བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པའི་ལྷག་དཀར་གྱི་ལས་འགུལ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎