ཨ་རྒྱ་གཉིས་ཀྱིས་གསར་འགོད་པ་ཚོར་མཐོང་མཆན་སྤྲོད་ཕྱོགས་ལྷོད་དུ་གཏོང་རྒྱུར་མོས་མཐུན་བྱུང་འདུག

ཨ་མི་རི་ཀ་དང་རྒྱ་ནག་གིས་གསར་འགོད་པར་མཐོང་མཆན་སྤྲོད་ཕྱོགས་ལྷོད་དུ་གཏོང་རྒྱུར་མོས་མཐུན་བྱུང་འདུག

རྒྱ་ནག་པེ་ཅིང་གི་ཉེན་རྟོག་པས་ཕྱི་རྒྱལ་གསར་འགོད་པ་ཞིག་བཀག་འགོག་བྱེད་བཞིན་པ། ༣།༢༢།༢༡ AFP

ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་༡༡་ཚེས་༡༥་ཉིན་ཨ་མ་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཆུ་ཚོད་གསུམ་ལྷག་རིང་དྲ་ལམ་བརྒྱུད་གདོང་ཐུག་གི་ཚོགས་འདུ་ཐེངས་དང་པོ་གནང་ཡོད་པ་དང་། སྐབས་དེར་ཡུལ་གྲུ་གཉིས་ཀྱི་གསར་འགོད་པ་ཚོ་ཕར་ཚུར་འགྲོ་བསྐྱོད་བྱ་སྐབས་མཐོང་མཆན་(Visa)་སྤྲོད་ཕྱོགས་ལྷོད་དུ་གཏོང་རྒྱུར་མོས་མཐུན་བྱུང་ཡོད་པ་དང་། དེའི་རྗེས་རྒྱ་ནག་གི་ཕྱོགས་ནས་དེ་ནི་དཀའ་ལས་ཁག་པོའི་ཐོག་ནས་རྒྱལ་ཁ་ཐོབ་པ་ཞིག་ཡིན་ལུགས་བཤད་འདུག
ཨ་མི་རི་ཀས་རྒྱུན་དུ་རྒྱ་ནག་ནང་ཡོད་པའི་ཨ་རིའི་གསར་འགོད་པ་ཚོར་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་སྤྲོད་ཀྱི་མེད་པ་ཡོང་གྲགས་སྐྱོན་བརྗོད་བྱེད་བཞིན་ཡིན་པ་རེད། ཕྱི་ལོ་༢༠༢༠་ལོར་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་གནས་སྟངས་ཇེ་སྡུག་དུ་སོང་བའི་སྐབས། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཨ་རིའི་སྙན་གྲགས་ཆེ་བའི་གསར་འགྱུར་ལས་ཁང་ནེའུ་ཡོག་དུས་བབ་(The New York Times)་དང་། ཝ་ཤོན་ཊོན་ཕོ་ཉ་(Washington Post) གཞན་(Wall Street Journal)་སོགས་ཀྱི་གསར་འགོད་པ་མང་པོ་ཕྱིར་ཕུད་བཏང་ཡོད་པ་རེད། འོན་ཀྱང་ད་ལན་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་ཞི་ཅིན་ཕིང་གཉིས་དྲ་ལམ་བརྒྱུད་གྲོས་མོལ་གནང་རྗེས་ཕྱོགས་གཉིས་ཀྱི་དཔོན་རིགས་ཚོས་གསར་འགོད་པར་(Visa)་འམ་མཐོང་མཆན་གསར་པ་སྤྲོད་རྒྱུར་མོས་མཐུན་གནང་བ་ཡིན་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདི་ཚེས་༡༦་རེས་གཟའ་མིག་མར་ཉིན་གསར་འགོད་ལྷན་ཚོགས་སུ། ཉེ་བའི་ཟླ་ཤས་ནང་རྒྱ་ནག་དང་ཨ་རིའི་བར་གྲོས་མོལ་གནང་བའི་སྔོན་འགྲོའི་གྲུབ་འབྲས་སུ་ཕྱོགས་གཉིས་ཀྱི་གསར་འགོད་པའི་ཁོར་ཡུག་བཟང་དུ་གཏོང་རྒྱུར་མོས་མཐུན་བྱུང་ཡོད་ཐོག རྒྱ་ནག་གཞུང་གིས་ཨ་རིའི་གསར་འགོད་པའི་རུ་ཁག་ཞིག་ལ་རྒྱ་ནག་གི་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་མཐོང་མཆན་སྤྲོད་རྒྱུར་མོས་མཐུན་གནང་ཡོད་ལུགས་གསུངས་འདུག
དེ་བཞིན་རྒྱ་ནག་ནང་ཡོད་པའི་ཨ་རིའི་གསར་འགོད་པ་ཚོ་རྒྱ་ནག་ནས་ཕར་འགྲོ་ཚུར་ཡོང་བྱ་རྒྱུ་སོགས་རང་དབང་གི་ཐོག་ནས་འགྲོ་བསྐྱོད་ཆོག་པ་གནང་རྒྱུར་ཡང་ཁས་ལེན་གནང་ཡོད་འདུག དེ་སྔ་ཡིན་ན་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཨ་རིའི་གསར་འགོད་པ་ཚོའི་གསར་འགྱུར་བཀོད་ཕྱོགས་དང་འགྲོ་བསྐྱོད་ཐད་རང་དབང་མ་སྤྲད་པར་སྟངས་འཛིན་བྱེད་བཞིན་པ་རེད།

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org