ཁས་ལེན་དམ་བཅས་བའི་ཇོ་ནང་གཞན་སྟོང་བགྲོ་གླེང་།

ཇོ་ནང་གཞན་ལྟུང་བགྲོ་གླེང་ཆེན་མོ་ཐེངས་དགུ་བ་འཚོགས་བཞིན་པ། ༢༠༡༤།༦།༢༠
ཇོ་ནང་གཞན་ལྟུང་བགྲོ་གླེང་ཆེན་མོ་ཐེངས་དགུ་བ་འཚོགས་བཞིན་པ། ༢༠༡༤།༦།༢༠ (བོད་འབྱོར།)

དོན་དག་མི་འབྱུང་བའི་ཁས་ལེན་དམ་བཅས་ནས་བོད་ནང་ཇོ་ནང་གཞན་སྟོང་བགྲོ་གླེང་ཆེན་མོ་ཐེངས་དགུ་བ་འཚོགས་བཞིན་པ་རེད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན། བོད་ནང་གི་ཛམ་ཐང་རྫོང་བར་མ་ཞང་དུ་ཡོད་པའི་ཇོ་ནང་ཛམ་ཐང་དགོན་ཆེན་ནམ་ཇོ་ནང་ཛམ་ཐང་གཙང་ཆེན་དགོན་བསམ་འགྲུབ་ནོར་བུའི་གླིང་དུ་སྤྱི་ཟླ་༦པའི་ཚེས་༡༨ནས་བཟུང་ཇོ་ནང་གཞན་སྟོང་བགྲོ་གླེང་ཆེན་མོ་ཐེངས་དགུ་བ་དེ་འགོ་བཙུགས་ཡོད་པ་དང་། ཚེས་༡༨ཉིན་ཡར་འཚོགས་དང་། ཚེས་༡༩ཉིན་ནས་དངོས་གཞི། དེ་ནས་སྤྱི་ཟླ་བདུན་པའི་ཚེས་གཉིས་བར་ཆོས་འཚོགས་གནང་རྒྱུ་ཡིན་ཞིང་། དགེ་འདུན་པ་ཉིས་སྟོང་ཙམ་མཉམ་ཞུགས་གནང་ཡོད་པ་རེད་། ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་སྔོན་ཛམ་ཐང་ནས་བོད་མི་སྣང་གྲོལ་གྱིས་སྣེ་ཁྲིད་དེ་བོད་མི་ཕོ་མོ་དྲུག་གིས་བོད་མི་རིགས་ཀྱི་བདེ་སྡུག་ཆེད་རང་ལུས་མེར་བསྲེག་བཏང་བའི་རྗེས་སུ། ཛམ་ཐང་དུ་ཇོ་ནང་གཞན་སྟོང་བགྲོ་གླེང་ཆེན་མོ་འདི་འང་ད་བར་འཚོགས་སུ་བཅུག་མེད་ལ། ད་ཐེངས་དགོན་པའི་དོ་དམ་ལྷན་ཁང་དང་དགེ་བསྐོས་ནས་ཐབས་ཤེས་མང་པོ་བརྒྱུད་། དོན་དག་མི་འབྱུང་བའི་ཁས་ལེན་དམ་བཅའ་དང་བར་འདུག་བྱས་ནས་ད་གཟོད་ཆོས་ཚོགས་འདི་འཚོགས་ཐུབ་པ་ཙམ་བྱུང་ཡོད་ལ། དེའི་དམིགས་ཡུལ་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་ཇོ་ནང་ཆོས་བརྒྱུད་དང་མ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཡིན་པ་མ་ཟད། ཆོས་འཚོགས་དུས་སུ་ད་བར་བོད་མི་རིགས་ཀྱི་བསྟན་སྲིད་ཆེད་ལུས་སྲོག་ལོངས་སྤྱོད་ཕུལ་བ་རྣམས་ཀྱི་ཆེད་དུ་ཞེས་བསྔོ་སྨོན་རྒྱ་ཆེན་གནང་ཡོད་པ་མ་ཟད་། བོད་མི་རིགས་ཆེད་ད་ལྟ་རྒྱ་གཞུང་གི་བཙོན་དུ་ཡོད་པའི་དཔའ་རྒོད་རྣམས་ཁྲིམས་ལས་ཐར་རྒྱུ་དེ་ལྷག་པར་མི་མངོན་པའི་ཡུལ་ན་བཞུགས་པའི་ཡི་དམ་ཆོས་སྐྱོང་དང་། མངོན་པའི་ཡུལ་ན་བཞུགས་པའི་བླ་མ་གྲྭ་ཚང་གི་འགན་ཡིན་པ་སོགས་བླ་མ་གྲྭ་ཚང་ངོས་ནས་ཐུགས་གཏད་གཟབ་རྒྱས་གནང་བ་སོགས་འགྲེལབརྗོད་གནང་ཡོད། དེ་མིན་ཉིན་རེ་རེར་དགོན་ཁག་མང་པོའི་བླ་སྤྲུལ་མཁན་གསུམ་གྱིས་རེས་མོས་ཀྱིས་ས་གནས་མི་མང་ལ་ཆོས་ཁྲིད་དང་སློབ་སྟོན་རབ་དང་རིམ་པ་གནང་གི་ཡོད་པ་དང་། ས་གནས་ཉེན་རྟོག་པས་དགོན་པའི་འབྲེལ་ཡོད་མི་སྣར་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པའང་ངོ་སྤྲོད་བྱས་ཡོད།
གསར་འགོད་པ་ལྕགས་མོ་འཚོ།