ཞི་ཅིན་པིང་གིས་ཨ་རིའི་སྲིད་འཛིན་གསར་པ་ཌོ་ནལཌི་ ཊམཔ་གྱི་གཞུང་འཛིན་མཉམ་འབྲེལ་བ་མུ་མཐུད་ནས་ཡག་པོ་བྱེད་རྒྱུའི་ཆོད་སེམས་གཏན་པོ་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག

2024.11.18
ཞི་ཅིན་པིང་གིས་ཨ་རིའི་སྲིད་འཛིན་གསར་པ་ཌོ་ནལཌི་ ཊམཔ་གྱི་གཞུང་འཛིན་མཉམ་འབྲེལ་བ་མུ་མཐུད་ནས་ཡག་པོ་བྱེད་རྒྱུའི་ཆོད་སེམས་གཏན་པོ་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག ཨ་རིའི་སྲིད་འཛིན་འཇོ་བྷ་ཡེ་དྲན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གཉིས། ཟླ་ཚེས་མི་གསལ།
Reuters

དེ་ཡང་ལྷོ་ཨ་མི་རི་ཀའི་པི་རུའི་ནང་བསྐོངས་ཚོགས་གནང་བཞིན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ལྷན་ཚོགས་ཀྱི་ཞོར་དུ་ཁ་ས་གཟའ་སྤེན་པའི་ཉིན་ད་ལྟའི་ལས་ཐོག་སྲིད་འཛིན་འཇོ་བྷཡེ་ཌན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཞི་ཅིན་པིང་གིས་།  ང་ཚོ་ཡུལ་གཉིས་དབར་འབྲེལ་བའི་འཕེལ་རིམ་་ངན་བཟང་ངན་གཉིས་ཀ་བྱུང་ཡོད་རེད་། འོན་ཀྱང་རྒྱ་ནག་གི་ངོས་ནས་འབྲེལ་བ་གཏན་པོ་དང་ཡག་པོ་། ཡུན་གནས་ཐུབ་པ་ཞིག་ཡོང་ཐབས་བྱེད་རྒྱུ་དེ་གལ་འགངས་ཆེན་པོ་བརྩི་གི་ཡོད་ལ་ཨ་རིའི་བདམས་ཐོན་སྲིད་འཛིན་དྲོ་ནལདྲ་ ཀྲརམ་མཆོག་གི་གཞུང་གསར་པའི་མཉམ་དུའང་མུ་མཐུད་ནས་གྲོས་མོལ་དང་། མཉམ་ལས་རྒྱ་སྐྱེད་། ལྷག་པར་དུ་མི་མཐུན་པའི་གནད་དོན་རྣམས་སེལ་ཐབས་བྱེད་རྒྱུའི་འདུན་པ་གཏན་པོ་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་འདུག ཡང་མཇལ་འཕྲད་སྐབས་ཨ་རིའི་སྲིད་འཛིན་འཇོ་བྷཡེ་ཌན་མཆོག་གིས་། རྩ་བའི་ང་ཚོའི་དབར་གནད་དོན་ཁག་ཅིག་ཐོག་བློ་མི་མཐུན་པའང་བྱུང་ཡོད་རེད།

ཡིན་ནའང་གྲོས་མོལ་ལྷུག་པོ་དང་། ཡོ་སྲངས་མེད་པར་བཀའ་མོལ་གནང་རྒྱུ་བྱུང་ཅེས་གསུངས་ཡོད་འདུག ཨརིའི་སྲིད་འཛིན་མཆོག་ནས་ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་གལ་ཆེ་ཡིན་པ་དང་དེ་ལ་རྒྱལ་ཁབ་ཚང་མས་བརྩི་བཀུར་བྱ་དགོས་པའི་འགན་ཡོད་སྐོར་ནན་བརྗོད་གནང་བ་དང་སྦྲགས། གཙོ་བོ་རྒྱ་ནག་ནང་འགྲོ་འོང་ཐོག་བཀག་སྡོམ་ཡོད་པའི་ཨ་རིའི་མི་སེར་དང་ལྷག་པར་ནག་ཉེས་མེད་པའི་ཐོག་བཙོན་འཇུག་བྱས་པ་རྣམས་གློད་གྲོལ་ཡོང་ཐབས་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་པའི་སྐོར་དང་འབྲེལ་བཀའ་མོལ་གནང་འདུག

གོང་ཞུས་གནས་ཚུལ་ནང་སྲིད་འཛིན་བྷཡེ་ཌན་མཆོག་གི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ Jack Sullivan    མཆོག་གིས་གསུངས་པ་ཞིག་ལུང་འདྲེན་བྱེད་པ་་ལྟར་ན་། རྩ་བའི་སྲིད་འཛིན་བྷཡེ་ཌན་མཆོག་ལས་གནས་ནས་འཕོ་འགྱུར་འགྲོ་ལ་ཉེ་བའི་དུས་ཚོད་ཞིག་ཆགས་ཀྱི་ཡོད་ནའང་རྒྱ་ནག་མཉམ་རྙོག་ཁྲའི་རིགས་ཉུང་དུ་གཏོང་རྒྱུའི་ཐབས་ཤེས་གནང་ཡོད་པ་མ་ཟད་ཁོང་སྲིད་འཛིན་གྱི་ལས་གནས་བཞག་པའི་རྗེས་སུའང་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་ཟབ་པོ་ཞིག་ཡོང་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་ཡོད་ལུགས་འགྲེལ་བརྗོད་གནང་འདུག

དེ་དང་ཕྱོགས་མཚུངས་དབུ་འཁྲིད་རྣམ་གཉིས་དབར་ཆེས་ཐོག་མ་AI མི་བཟོས་རིག་ནུས་ཀྱི་གནད་དོན་ཐོག་བཀའ་མོལ་གནང་བའི་སྐབས་རྡུལ་ཕྲན་ནུས་ཤུགས་སྐོར་ཐག་གཅོད་བྱེད་རྒྱུ་དེ་བཅོས་མའི་མི་བཟོས་རིག་ནུས་ཀྱི་ཐོག་ནས་མ་ཡིན་པར་མི་ངོ་མ་རང་གིས་ཐག་གཅོད་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་མོལ་དང་མཉམ། ཨ་རིའི་སྲིད་འཛིན་མཆོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གློག་ཀླད་དྲ་རྒྱའི་བརྒྱུད་རྒོལ་བེད་སྤྱོད་བྱས་ནས་ཨ་རི་བ་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པའི་གནད་དོན་ཐད་ཐུགས་འཚབ་ཆེན་པོ་ཡོད་སྐོར་གསལ་སྟོན་གནང་ཡོད་པ་རེད་འདུག

ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་ནས་བཀོད་པར་ལྟར་ན་། སྲིད་འཛིན་བྷཡེ་ཌན་མཆོག་གིས་ཐའེ་ཝན་མཚོ་གླིང་ཐོག་རྒྱ་ནག་གི་དམག་དོན་སྦྱོང་བརྡར་སོགས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ལུགས་གསུངས་ཡོད་འདུག་ཀྱང་དེར་ཞི་ཅིན་པིང་གིས་ཐའེ་ཝན་གྱི་སྲིད་འཛིན་ལའེ་ཡིས་བྱ་སྤྱོད་ནི་ཁ་བྲལ་གྱི་རྣམ་པ་ཞིག་དང་ཞི་བདེ་གཏན་ལྷིང་ལ་གནོད་སྐྱོན་འགྲོ་གཞི་ཞིག་རེད་ཅེས་བརྗོད་ཡོད་འདུག

ཐའེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་སྲིད་འཛིན་བྷཡེ་ཌན་གྱི་ཐའེ་ཝན་གྱི་གནད་དོན་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག ཡང་དབུ་འཁྲིད་རྣམ་གཉིས་དབར་ཡུཀ་རན་དམག་གི་སྐོར་དང་བྱང་ཀོ་རི་ཡས་ར་ཤེ་ཡའི་ཕྱོགས་གཏོགས་སུ་དམག་མི་གཏོང་རྒྱུའི་གནད་དོན་བཅས་པའི་ཐོག་ཨ་རིའི་ངོས་ནས་ཐུགས་འཚབ་དང་བཅས་རྒྱ་ནག་གི་ངོས་ནས་འགོག་ཐབས་སུ་གནོན་ཤུགས་སྤྲོད་དགོས་ལུགས་སྐོར་ཡང་གསུངས་ཡོད་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎