ཨ་དཀོན་གཞན་ཕན་ཐེབས་རྩ་ཁང་གི་ལས་དོན་མུ་མཐུད་དུ་སྤེལ་རྒྱུ།

ཨ་དཀོན་རིན་པོ་ཆེ་དང་སྲས་འཇིགས་མེད་རྟ་རབས་ལགས་ཀྱི་པར་རྙིང་།
ཨ་དཀོན་རིན་པོ་ཆེ་དང་སྲས་འཇིགས་མེད་རྟ་རབས་ལགས་ཀྱི་པར་རྙིང་། (དྲ་བཤུས།/SA)

དེ་ཡང་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ལ་བོད་མི་གཉིས་ཀྱིས་བཀྲོངས་པའི་ཨ་དཀོན་རིན་པོ་ཆེའི་སྲས་འཇིགས་མེད་རྟ་རབས་ལགས་ཀྱིས། ཁོང་གི་ཡབ་ཀྱི་གཞན་ཕན་དགེ་རྩའི་རོགས་རམ་གྱི་ལས་དོན་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།
ད་ལྟ་དགུང་ལོ་༤༤་ལ་ཕེབས་པའི་ཨ་དཀོན་རིན་པོ་ཆེའི་སྲས་འཇིགས་མེད་རྟ་རབས་ལགས་ སི་ཀོ་ལནཌ་གྲོང་ཁྱེར་(Edinburgh)དུ་རྟེན་གཞི་བྱེད་བཞིན་པའི་ཨ་དཀོན་གཞན་ཕན་ཐེབས་རྩ་ཁང་གི་ངེས་སྟོན་པ་གནང་བཞིན་པ་ཡིན་ཅིང་། ཁོང་གིས་ཕྱི་ཚེས་༢༡་ཉིན་གསར་འགོད་པར་ཁོང་གི་ཡབ་བཀྲོངས་མཁན་གཉིས་ལ་ཁོང་གི་ངོས་ནས་ཉེས་པ་ཆག་ཡང་དང་བཟོད་བསྲན་གྱི་འབོད་བསྐུལ་གནང་རྒྱུ་ཡིན་པ་དང་། ཁོང་གིས་བལ་ཡུལ་དང་། རྒྱ་ནག རྒྱ་གར་ནང་ཁོང་གི་ཡབ་ཀྱི་གཞན་ཕན་གྱི་ལས་འཆར་ཁག་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་དཔེ་མཚོན་དང་བཅས། བོད་ཤར་ཕྱོགས་གྲོང་གསེབ་ཁུལ་དུ་ཡོད་པའི་སྒྲོལ་མ་ལྷ་ཁང་ནང་དུ་སྨན་གྱི་མཐུན་རྐྱེན་ཆེད་དུ་སྨན་ཁང་འཛུགས་རྒྱུ་གཙོས་པའི་གཞན་ཕན་གྱི་ལས་འཆར་ཁག་ཁོང་གི་ཡབ་ཀྱི་ཐུགས་འདོད་ལྟར་མུ་མཐུད་ནས་གཞན་ཕན་རོགས་རམ་གནང་རྒྱུ་ཡིན་པའི་སྐོར་གསུངས་འདུག།
ཁོང་གིས་ད་དུང་སྤྱིར་སྟངས་བོད་ནང་དགེ་རྩའི་ལས་དོན་སྤེལ་རྒྱུར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་ཀྱང་ཁོང་ཨ་ཀོང་རིན་པོ་ཆེའི་སྲས་ཀྱི་མཚན་ཐོག་ནས་ལས་དོན་སྤེལ་རྒྱུར་དེ་ཙམ་དཀའ་ངལ་མེད་ལུགས་ངོ་སྤྲོད་གནང་འདུག
ཉེ་སྔོན་རྒྱ་ནག་གིས་བོད་རིགས་ཀུན་གསལ་དང་ཚེ་རིང་དཔལ་འབྱོར་གཉིས་ཨ་དཀོན་རིན་པོ་ཆེ་སྐུ་བཀྲོངས་མཁན་གྱི་ཉེས་འཛུགས་ཐོག་སྲོག་ཁྲིམས་བཅད་ཡོད་ཅིང་། ཨ་དཀོན་རིན་པོ་ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་བཅུ་པའི་ཁོང་གི་ཚ་བོ་བློ་དགའ་དང་ཞབས་ཕྱི་གཅིག་གི་བཅས་མི་གསུམ་གྱི་དུས་གཅིག་ཏུ་ཚེ་སྲོག་བཅད་པའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།