རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་བརྙན་འཕྲིན་ཐོག་ཐོན་པ།
2011.10.09
༄༅༎བར་ལམ་གསར་འགྱུར་བརྒྱུད་ལམ་ཞིག་གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བཤད་པའི་རྗེས། ད་རེས་རྒྱ་ནག་གི་བརྙན་འཕྲིན་ཐོག་ཅང་ཙ་མིན་ཐོན་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་ཨིན་ཇིའི་སྦི་སྦི་སི་གསར་འགྱུར་ལས་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། ཁ་སྔོན་ཧོང་ཀོང་གི་གསར་འགྱུར་ལས་ཁང་ཞིག་གིས་ཅང་ཙེ་མིན་འདས་གྲོངས་སུ་ཕྱིན་པའི་སྐོར་གྱི་གནས་ཚུལ་སྤེལ་ཏེ། སྤྱི་ཚོགས་ཐོག་གླེང་གཞི་ཆེན་པོ་གྱུར་པ་ནས་བཟུང་དེ་ནས་བར་ལམ་གནས་ཚུལ་དེ་ཞི་འཇམ་དུ་ཕྱིན་ཏེ་ད་བར་ཅང་ཙེ་མིན་གྱི་གནས་ཚུལ་སྐོར་གང་ཡང་གོ་རྒྱུ་མེད་པའི་སྐབས་དེར། ད་རེས་གློ་བུར་དུ་རྒྱ་ནག་གི་བརྙན་འཕྲིན་ཐོག་ལ་ཅང་ཙེ་མིན་འདོན་པ་དེ་ནི། ཅང་ཙེ་མིན་བར་ལམ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དེ་ཐོན་པའི་རྗེས། རྒྱ་ནག་མི་དམངས་ཀྱིས་དངོས་སུ་མཐོང་བ་ཐེངས་དང་པོ་ཡིན་པའི་སྐོར་དང༌། ཅང་ཙེ་མིན་ནི་རྒྱ་ནག་ནང་ཆབ་སྲིད་ཀྱི་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་པ་དང༌། དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་གོང་མའི་ལམ་ལུགས་མེད་པ་བཟོས་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་ཉིན་རྒྱ་ནག་གུང་ཁྲན་ཏང་གི་དཔོན་རིགས་གཞན་དང་མཉམ་དུ་བརྙན་འཕྲིན་ཐོག་ཐོན་པ་ཞིག་ཡིན་པའི་སྐོར་བཀོད་ཡོད་པ་རེད། ད་དུང་སྦི་སྦི་སི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་མུ་མཐུད་སྤེལ་བའི་ནང༌། ལོ་ན་༨༥ སླེབས་པའི་ཅང་ཙེ་མིན་ནི་གདོང་མདངས་སྐྱོ་པོ་ཞིག་ཏུ་གྱུར་ཡོད་ནའང་བརྙན་འཕྲིན་ཐོག་ལ་སྲིད་འཛིན་ཧུ་ཇིན་ཐའོ་མཉམ་དུ་སྤྲོ་སྣང་ཡོད་ཁུལ་གྱིས་ཕན་ཚུན་གླེང་མོལ་བྱེད་པའི་རྣམ་པ་བཏོན་ཡོད་པའི་སྐོར་དང༌། ཁ་སྔོན་ཕྱི་ཟླ་བདུན་པའི་ནང་ཧོང་ཀོང་གི་བརྙན་འཕྲིན་ཐོག་ཅང་ཙེ་མིན་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་རྒྱང་བསྲིང་བྱས་ཡོད་ནའང་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཚོས་གནས་ཚུལ་དེ་བདེན་པ་མིན་པའི་དགག་ལན་དེ་ཙམ་གྱི་ཤུགས་ཆེན་པོ་སྤེལ་མེད་པའི་མཐོང་ཚུལ་བྱུང་ཡོད་པའི་སྐོར་བཀོད་ཡོད་པ་རེད།