༸སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས་ཀྱི་མཛད་རྗེས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་གཏན་འཁེལ་འདུག

2023.10.17
༸སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས་ཀྱི་མཛད་རྗེས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་གཏན་འཁེལ་འདུག ༸སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས།
སྒྲིག་བཟོ།

ཨ་རིར་རྟེན་གཞི་བྱས་པའི་རེན་ཌོལྥ་སློབ་ཆེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་ལགས་སུ་པཱལ་ཨེས་བྷག་གཟེངས་རྟགས་Randolph College’s The Pearl S. Buck Awardདེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་བ་ ༤ པའི་ནང་འབུལ་གཏན་འཁེལ་ཡོད་པ་གསལ་བསྒྲགས་སྤེལ་འདུག ༸སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས་ཀྱིས། ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། གཟེངས་རྟགས་དེ་ནི་གཙོ་བོ་བཙན་བྱོལ་བའི་མི་རབས་རྒན་པ་ཚོས་མ་འོངས་བོད་ཀྱི་སོན་རྩ་ཚོའི་ཤེས་ཡོན་ཆེད་དུ་སྐུ་ལས་བསྐྱོན་པའི་འབྲས་བུར་ངོས་འཛིན་གནང་གི་ཡོད་པ་གསུངས་བྱུང་།

དུས་རབས་ཉེ་ཤུ་པའི་ལོ་རབས་གསུམ་བཅུའི་ནང་སྙན་གྲགས་ཆེ་བའི་ཨ་རིའི་བེུད་རྩོམ་པ་པོ་ལྕམ་Pearl S. Buckལགས་ནི་རྩོམ་རིགས་ཐོག་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཨ་མ་རི་ཀའི་བེུད་ཐོག་མ་དེ་ཡིན་ཞིང་། ཁོང་མོའི་མཚན་གནས་རྗེས་དྲན་གྱི་གཟེངས་རྟགས་དེ་ནི། བེུད་དང་ཕྲུག་གུའི་རང་དབང་སྲུང་སྐྱོབ་དང་ཤེས་ཡོན་གོང་འཕེལ་སོགས་ཀྱི་ཐོག་ཕྱག་ལས་མཁན་འཛམ་གླིང་གི་བེུད་དག་ལ་འབུལ་སྲོལ་ཡོད་པ་བཞིན། ༸སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས་ཀྱིས། ད་བར་བཙན་བྱོལ་ནང་བོད་ཕྲུག་སྟོང་ཕྲག་མང་པོའི་ཤེས་ཡོན་གོང་མཐོར་དང་འབྲེལ་བའི་མཛད་རྗེས་ཁག་ལ་ཆེ་སྟོད་སླད་འབུལ་གཏན་འཁེལ་བ་ཞིག་ཡིན་འདུག

རེན་ཌོལྥ་སློབ་ཆེན་(Randolph College)གྱི་གཙོ་འཛིན་ལྕམ་(Sue Ott Rowlands)ལགས་ཀྱིས། རྗེ་བཙུན་པདྨ་ལགས་སུ་གཟེངས་རྟགས་དེ་འབུལ་གཏན་འཁེལ་བ་དེ་ནི་ཁོང་ཚོའི་གཟི་བརྗིད་ཡིན་པ་གསུངས་འདུག་ཅིང་། ༸སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས་ནི་གཟེངས་རྟགས་དེ་བཞེས་མཁན་མི་སྣ་ ༧ པ་ཆགས་ཀྱི་ཡོད་པ་རེད། 

༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་ལགས་ནི་ཕྱི་ལོ་ ༡༩༤༠ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། ཆུང་དུས་རྒྱ་གར་ནང་སློབ་གཉེར་གནང་སྟེ། རིམ་པས་དབྱིན་ཡུལ་དང་སུད་སི་སོགས་ནང་ཆེད་ཕེབས་ཀྱིས་སློབ་གཉེར་གནང་བའི་རྗེས། ཕྱི་ལོ་ ༡༩༦༤ ལོར་རྒྱ་གར་ལ་ཕྱིར་ཕེབས་ཀྱིས། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས་འདུག་པ་མ་ཟད། ཕྱི་་ལོ་ ༡༩༨༠ ལོར་བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱིས་སྣེ་ཁྲིད་འོག་བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་ཐེངས་གསུམ་པ་དེ་ཕེབས་འདུག་ཅིང་། དེ་སྔ་བཙན་བྱོལ་བོད་གཞུང་གི་ཤེས་རིག་བཀའ་བློན་གྱི་ཐུགས་འགན་ཡང་བཞེས་མྱོང་ཡོད་འདུག

གཞང་ཡང་བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱིས་ད་བར་རྒྱལ་སྤྱིའི་གཟེངས་རྟགས་མང་དག་ཅིག་བཞེས་མྱོང་འདུག་པའི་ཁྲོད་སུད་ཌན་གྱི་ཕྲུག་གུའི་རང་དབང་དང་འབྲེལ་བའི་གྲགས་ཆེ་བའི་གཟེངས་རྟགས་(World’s Children’s Prize For Right of the Child)དང་། བུད་མེད་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་གཟེངས་རྟགས། དེ་བཞིན་རྒྱ་གར་གཞུང་གི་བེུད་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་གཟེངས་རྟགས་(Nari Shakti Puraskar)སོགས་བཞེས་མྱོང་ཡོད་འདུག

དེ་སྔ་བོད་ཁྱིམ་སློབ་གྲྭ་འགྲིམས་མྱོང་མཁན་ཀུན་བཟང་ཚེ་འཕེལ་ལགས་ནི་ཕྱི་ལོ་ ༡༩༩༧ ལོར་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་ནས། རྒྱ་གར་ནང་མཐོ་སློབ་ཐོན་ཏེ། ད་ལྟའི་ཆར་ལྡི་ལིར་རྟེན་གཞི་བྱས་པའི་ན་གཞོན་ནུས་སྤེལ་ལས་གཞིའི་འགན་འཛིན་གྱི་ལས་འཁུར་ཞུ་མུས་ཡིན་འདུག  ཁོང་གིས། ཨ་མ་ལགས་ཀྱི་བཀའ་དྲིན་རྟེན་ནས་རང་ཉིད་རྐང་པའི་སྒང་ལ་ལངས་ཐུབ་པ་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་ཆ་ནས་ཨ་མི་རི་ཀའི་བུད་མེད་རྩོམ་པ་པོ་ལྕམ་Pearl S. Buckལགས་ཀྱི་མཚན་གནས་རྗེས་དྲན་གྱི་གཟེངས་རྟགས་དེ་ནི་ད་ལྟའི་བྷང་ལ་དྷེ་ཤིའི་སྲིད་བློན་ལྕམ་Sheikh Hasinaལགས་དང་། Philippinesཀྱི་སྲིད་འཛིན་ཟུར་པ་ལྕམ་Corazon Aquinoལགས། དེ་བཞིན་Irelandཡི་སྲིད་འཛིན་ཟུར་པ་ལྕམ་Mary Robinson སོགས་ལ་ཕུལ་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎