ཏ་ལི་སྦན་གྱིས་ཉི་ཧོང་གསར་འགོད་པ་གློད་བཀྲོལ་བཏང་བ།
2010.09.05
༄༅༎ཨཕ་ག་ནི་སེ་ཐན་ནང་ཏ་ལི་སྦན་གྱེན་ལོག་པས་བཙན་ཁྲིད་བྱས་པའི་ཉི་ཧོང་གི་གསར་འགོད་པ་ཞིག་བདེ་ཐང་ཐོག་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
ཉི་ཧོང་གི་གསར་འགོད་པ་ཀོ་སུ་ཀེ་ཚུ་ནེའོ་ཀ་འདི་ལོ་ཕྱི་ཟླ་གསུམ་པའི་ནང་གར་སོང་ཆ་མེད་གྱུར་ཀྱང་རྗེས་སུ་རང་ལོ་༤༡ལ་སླེབས་པའི་གསར་འགོད་པ་དེ་ཏ་ལི་སྦན་གྱེན་ལོག་པས་འཛིན་བཟུང་གི་བཙན་འཁྲིད་བྱས་ཡོད་པ་ངོས་ལེན་བྱས་ཡོད་པ་དང་ རེས་གཟའ་སྤེན་པའི་ཉིན་གསར་འགོད་པ་བདེ་ཐང་ཐོག་གློད་བཀྲོལ་གྱིས་ད་ཆ་རྒྱལ་ས་ཀ་སྦུལ་ནང་ཉི་ཧོང་གི་གཞུང་ཚབ་ཁང་གི་སྲུང་སྐྱོབ་འོག་ཡོད་ལུགས་ཀྱིའོ་ཏོ་གསར་ལས་ཁང་གིས་རེས་གཟའ་ཉི་མའི་ཉིན་གནས་ཚུལ་སྤེལ་འདུག
ཏ་ལི་སྦན་གྱེན་ལོག་པས་དོ་བདག་འཛིན་བཟུང་གིས་འདས་པའི་ཟླ་བ་ལྔའི་རིང་གློད་འགྲོལ་ཆེད་ཨཕ་ག་ནི་སི་ཐན་གྱི་གཞུང་ནས་དངུལ་འབོར་ཆེན་པོ་ལེན་རྩིས་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག འོན་ཀྱང་ད་ཆ་དངོས་སུ་གློད་བཀྲོལ་སྐབས་དངུལ་འབབ་ག་ཚོད་ལེན་ཡོད་མེད་ཁ་གསལ་མི་འདུག།