བོད་རྒྱའི་ས་མཚམས་སུ་ཉི་ཧོང་གི་རོགས་རམ་ཚོགས་པ་ཕེབས་ཡོད་པ།
2008.06.08
༄༅༎བོད་དང་རྒྱ་ནག་གི་ས་མཚམས་ས་ཁུལ་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་དུ་ཉི་ཧོང་གི་གྲོས་ཚོགས་འཐུས་མིས་སྣེ་ཁྲིད་པའི་རོགས་རམ་ཚོགས་པ་ཞིག་དངོས་ཟོག་གི་རོགས་རམ་གནང་བར་ཕེབས་ཡོད་པ་རེད།
ཉི་ཧོང་གི་གཞུང་འཛིན་རང་དབང་དམངས་གཙོ་ཚོགས་པའི་ཚོགས་གཙོ་ ཀྲོ་ཤི་ཧི་རོ་ ནི་ཀའེ་ མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་འཐུས་མི་༡༥ ལས་གྲུབ་པའི་རོགས་རམ་ཚོགས་པ་ཞིག་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་གྲན་རྡུར་ས་ཡོམ་གྱི་གོད་ཆགས་ཕོག་པ་ཚོར་ཛ་དྲག་གི་རོགས་རམ་གྱི་དངོས་ཟོག་སྐྱེལ་བར་ཕེབས་ཏེ་ཟི་ཁྲོན་ཞིང་ཆེན་གྱི་དཔོན་རིགས་ལ་ཉི་ཧོང་གི་སྲིད་བློན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅན་ཐའོ་ལ་བཀུར་བའི་གཞུང་འབྲེལ་གྱི་ཡི་གེ་ཕུལ་ཡོད་ཅིང༌། དེའི་ནང་ས་ཡོམ་གྱི་གོད་ཆགས་ཕོག་པར་ཚོར་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོ་འཚམས་འདྲི་གནང་ཡོད་པ་དང་དེ་བཞིན་རོགས་རམ་གྱི་དངོས་ཟོག་ནང་སྟོད་གུར་༣༠༠ དང་ཟ་བཅའ་སོགས་གཙོས་པའི་རོགས་རམ་རྣམས་རྩིས་སྤྲོད་གནང་ཡོད་པ་རེད། ཉི་ཧོང་གི་རོགས་རམ་སྐུ་ཚབ་སྣེ་ཁྲིད་གནང་མཁན་སྐུ་ཞབས་ཀྲོ་ཤི་ཧི་རོ་ཡིས་ཟི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དཔོན་རིགས་དང་མཇལ་འཛོམས་སྐབས་ད་རེས་ཁོང་གིས་ས་ཡོམ་གནོད་འཚེ་ཕོག་པར་ཚོར་ཛ་དྲག་གི་དངོས་ཟོག་རོགས་རམ་འཁྱེར་ཡོད་པ་ཙམ་མ་ཟད། ཉི་ཧོང་མི་དམངས་མང་པོ་ཞིག་གི་སེམས་ཚོར་ཡང་མཉམ་དུ་འཁྱེར་ཡོད། གོད་ཆགས་བྱུང་བ་རྣམས་གང་མགྱོགས་འཛུགས་སྐྲུན་སླར་གསོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།