ཉི་ཧོང་གིས་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་ལྔ་ཙམ་བུ་ལོན་གཏོང་རྒྱུ།
2008.10.18
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་དང་དཔལ་འབྱོར་ལྟེ་གནས་ཀྱི་གྲོང་ཁྱེར་མུམ་སྦའེ་དབར་དངོས་ཟོག་སྐྱེལ་འདྲེན་གྱི་རི་ལིའི་ལྕགས་ལམ་གསར་རྒྱག་བྱ་རྒྱུའི་ཆེད་ཉི་ཧོང་གཞུང་གིས་རྒྱ་གར་ལ་ཨ་རིའི་ཌོ་ལར་ཐེར་འབུམ་བཞི་དང་ས་ཡ་ལྡ་བརྒྱའི་བུ་ལོན་གཡར་གཏོང་གནང་རྒྱུ་ཡིན་འདུག
དེ་ཡང་གཟའ་སྤེན་པའི་ཉིན་ཉི་ཧོང་གི་དཔལ་འབྱོར་གསར་ཤོག་ནི་ཀེ་སྦི་ཛི་ནེསི་ནང་གནས་ཚུལ་བཀོད་པར་གཞིགས་ན་འདི་ནི་ཉི་ཧོང་གཞུང་གིས་ཕྱི་རྒྱལ་གྱི་འཆར་གཞི་བྱེ་བྲག་པ་གཅིག་གི་ཐོག་དངུལ་བུན་རོགས་སྐྱོར་གནང་པ་ཆེ་ཤོས་དེ་ཆགས་རྒྱུ་ཡིན་འདུག
འདིའི་གོང་རྒྱ་གར་གྱི་ས་འོག་རི་ལིའི་འཛུགས་བསྐྲུན་གྱི་འཆར་གཞི་ཞིག་གི་ཐོག་ཉི་ཧོང་གཞུང་གིས་ཌོ་ལར་ཐེར་འབུམ་གཉིས་ཙམ་གྱི་དངུལ་བུན་རོགས་རམ་གནང་ཡོད་པ་རེད་ ཉི་ཧོང་གིས་རྒྱ་གར་ལ་དངུལ་བུན་རོགས་རམ་གནང་རྒྱུའི་འཆར་གཞི་དེའི་གྲོས་མཐུན་ལ་གཟའ་ལྷག་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོར་ཉི་ཧོང་གི་སྲིད་བློན་ཏ་རོ་ཨ་སོ་དང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་གཉིས་ངོ་མཇལ་སྐབས་མཚན་རྟགས་སྐྱོན་རྒྱུ་ཡིན་འདུག
ལྡི་ལི་དང་མུམ་སྦའེ་དབར་གྱི་དངོས་ཟོག་སྐྱེལ་འདྲེན་གྱི་རི་ལིའི་ལྕགས་ལམ་གསར་རྒྱག་གི་འཆར་གཞི་དེའི་འོག་གྲོང་ཁྱེར་དེ་གཉིས་དབར་ཕྱི་ལོ་༢༠༡༥ཚུན་ཆད་ཀི་ལོ་མི་ཊར་ཆིག་སྟོང་བཞི་བརྒྱ་དྲུག་ཅུ་རེ་བརྒྱད་ལྡན་པའི་རི་ལིའི་འགྲོ་ལམ་ཞིག་རྒྱག་ཟིན་པ་བྱེད་སྟེ་མངའ་ཁུལ་དེའི་ནང་གི་དངོས་ཟོག་སྐྱེལ་འདྲེན་གྱི་ལས་གཞི་མགྱོགས་སུ་དང་ཚགས་ཚུད་དུ་གཏོང་ཐབས་ཀྱི་དམིགས་ཡུལ་ཡོད་པ་རེད་
ཉི་ཧོང་གཞུང་གིས་དེ་སྔོན་རྒྱ་ནག་ལ་དངུལ་བུན་ཁྱོན་ཆེའི་རོགས་རམ་གནང་སྲོལ་ཡོད་ན་ཡང་ད་ཆ་ཉི་ཧོང་གཞུང་གིས་རྒྱ་ནག་གི་དཔལ་འབྱོར་ནི་ཧ་ཅང་ཆེན་པོ་ཡིན་སྟབས་ཉི་ཧོང་གཞུང་གི་དཔལ་འབྱོར་གྱི་རྒྱབ་སྐྱོར་དགོས་མེད་ཡིན་པ་འགྲེལ་བརྗོད་གནང་པ་དང་ཆགས་ཅིག་དེའི་ཚབ་ཏུ་རྒྱ་གར་དང་འབྲེལ་ལམ་ཟབ་ཏུ་གཏང་ཆེད་དཔལ་འབྱོར་གྱི་རོགས་རམ་ཤུགས་ཆེ་ཙམ་གནང་རྒྱུའི་སྲིད་བྱུས་ཤིག་བཟུང་བཞིན་ཡོད་པ་རེད།།