ར་ཤི་ཡའི་འཆར་གཞི་ལ་ཉི་ཧོང་གིས་སྐྱོན་བརྗོད་བྱས་འདུག
2017.02.23
རྩོད་གཞི་ཅན་གྱི་གླིང་ཕྲན་ཐོག་ར་ཤི་ཡའི་དམག་དཔུང་མང་དུ་གཏོང་རྒྱུའི་འཆར་གཞིར་ཉི་ཧོང་གིས་སྐྱོན་བརྗོད་བྱས་འདུག
དེ་ཡང་འདི་ཚེས་༢༣་ཉིན། ཉི་ཧོང་བློན་ཆེན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་Yoshihide Suga་ཡིས་གསར་འགོད་ལྷན་ཚོགས་ཐོག ཉི་ཧོང་གཞུང་གིས་ར་ཤི་ཡའི་བྱ་སྤྱོད་ལ་གཟབ་ནན་ངང་ལྟ་རྟོག་དང་གནས་ཚུལ་ལ་དཔྱད་ཞིབ་གནང་བཞིན་ཡོད་སྐོར་གསུངས་ཏེ་ཉི་ཧོང་གི་བྱང་ཕྱོགས་དང་ར་ཤི་ཡའི་ལྷོ་ཕྱོགས་འཁེལ་སའི་གླིང་ཕྲན་དེ་ཚོའི་ཐོག་ར་ཤི་ཡའི་དམག་མི་བསྐྱར་སྣོན་བྱ་རྒྱུའི་འཆར་གཞི་བཏིང་བ་ཡིན་ན། གླིང་ཕྲན་དེ་ཚོ་གནའ་སྔ་མོ་ནས་ཉི་ཧོང་ལ་བདག་པའི་མངའ་ཁུལ་ཡིན་སྟབས། ར་ཤི་ཡའི་བྱེད་སྟངས་དེ་ཉི་ཧོང་གི་ལངས་ཕྱོགས་དང་མཐུན་གྱི་མེད་པ་མ་ཟད། ཉི་ཧོང་ལ་བློ་ཕམ་བསྐྱེད་གཞིའི་གནད་དོན་ཞིག་ཀྱང་ཆགས་རྒྱུ་ཡིན་སྐོར་(Yoshihide Suga)ཡིས་འགྲེལ་བརྗོད་གནང་འདུག
ར་ཤི་ཡའི་རྒྱལ་སྲུང་བློན་ཆེན་(Sergei Shoigu)་མཆོག་གིས། ཉི་ཧོང་ཕྱོགས་ནས་རང་ཉིད་ལ་བདག་ཚུལ་བརྗོད་སའི་གླིང་ཕྲན་ཁག་གི་ཐོག་ལོ་འདིའི་ནང་ར་ཤི་ཡའི་དམང་དཔུང་འགྲེམས་འཇོག་བྱ་རྒྱུའི་འཆར་གཞི་གསུངས་པའི་རྗེས་ཉི་ཧོང་བློན་ཆེན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེས་གོང་ཞུས་བཀའ་མོལ་དེ་གསུངས་ཡོད་པ་རེད།
ཉི་ཧོང་གིས་བྱང་ཕྱོགས་མངའ་ཁུལ་ཞེས་འབོད་པ་དང་། ར་ཤི་ཡའི་ལྷོ་ཕྱོགས་(Kuriles)་ཞེས་འབོད་སྲོལ་ཡོད་པའི་ཞི་བདེ་རྒྱ་མཚོའི་ནུབ་རྒྱུད་ཁུལ་གྱི་གླིང་ཕྲན་ཁག་ཅིག་དེ་སྔ་དམག་ཆེན་གཉིས་པའི་མཇུག་མཚམས་སྐབས་དེའི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་གི་དཔུང་སྡེས་བདག་བཟུང་བྱས་ཡོད་ཅིང་། སྐབས་དེར་གླིངཕྲན་དེ་ཚོའི་ཐོག་གནས་སྡོད་བྱེད་མཁན་ཉི་ཧོང་ཡུལ་མི་ཆིག་ཁྲི་བདུན་སྟོང་ཉེན་ཡོལ་བྲོས་བྱོལ་དུ་འགྲོ་དགོས་ཐུག་ཡོད་པ་རེད།
རིང་མིན་ཕྱི་ཟླ་༣་པའི་ཚེས་༢༠་ཉིན། ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་ར་ཤི་ཡ་དང་ཉི་ཧོང་གི་རྒྱལ་སྲུང་དང་ཕྱི་འབྲེལ་བློན་ཆེན་རྣམ་པའི་དབར་ལྷན་ཚོགས་ཤིག་གནང་རྒྱུ་ཡིན་པ་དེའི་སར། ཉི་ཧོང་གི་བདག་དབང་ཡོད་ཚུལ་བརྗོད་སའི་གླིང་ཕྲན་དེ་ཚོའི་ཐོག་ར་ཤི་ཡའི་དཔུང་དམག་སྣོན་འཇུག་བྱ་རྒྱུའི་འཆར་གཞི་དེའི་སྐོར་ངེས་པར་གྲོས་མོལ་གནང་རྒྱུ་ཡིན་སྐོར་(Yoshihide Suga)་ཡིས་གསུངས་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།