ཉི་ཧོང་གིས་ཐའེ་ལྦན་ནང་གཞུང་འབྲེལ་སྐུ་ཚབ་བསྐོ་བཞག་བྱས་པ།
2009.12.05
༄༅༎ཉི་ཧོང་གིས་ཨི་སི་རེལ་དང་མཱ་ལེ་ཤི་ཡ་གཉིས་ནང་གི་གཞུང་འབྲེལ་སྐུ་ཚབ་ཆེན་མོ་ཟུར་པ་ཊ་ཌ་ཤི་ཨི་མ་ཨི་ཐའེ་ལྦན་ནང་གི་གཞུང་འབྲེལ་སྐུ་ཚབ་གསར་པར་བསྐོ་བཞག་གནང་འདུག།
ཐའེ་ལྦན་ནང་གི་ཉི་ཧོང་གཞུང་འབྲེལ་སྐུ་ཚབ་མཱ་ས་ཀི་ས་ཨི་ཏོ་ཡིས་ཐའེ་ལྦན་གླིང་ཕྲན་གྱི་གནས་བབ་ད་ལྟ་ཐག་གཅོད་ཟིན་མེད་ལུགས་ཀྱི་བཀའ་མོལ་གསུངས་ནས་ཐའེ་ལྦན་ནང་ཁོང་ལ་མི་དགའ་བའི་གནས་ཚུལ་བྱུང་བའི་རྗེས་ཁོང་ལས་གནས་ནས་དགོངས་ཞུ་གནང་དགོས་བྱུང་ཡོད་སྐོར་ཐའེ་ལྦན་གཞུང་འཛིན་གོ་མིང་ཏང་ཚོགས་པའི་གྲོས་ཚོགས་འཐུས་མི་ལི་ཧང་ཁྲུན་ཡིས་གསུངས་བཞག།
ཐའེ་ལྦན་དང་ཉི་ཧོང་དབར་གྱི་འབྲེལ་བའི་གནད་དོན་སྐོར་ལ་མཁས་པ་གྲོས་ཚོགས་འཐུས་མི་ལི་ཡིས་ང་ཚོས་ཉི་ཧོང་མཉམ་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུ་ཡིན་པ་དང༌གཞུང་ཚབ་གསར་པ་ཊ་ཌ་ཤི་ཨི་མ་ཨི་མཛའ་མཐུན་གྱི་འབྲེལ་བ་བཟོ་གི་ཡིན་ཞེས་འགྲེལ་བརྗོད་གནང་བཞག།
འོན་ཀྱང་ཐའེ་ལྦན་ནང་གི་རྒྱ་ནག་དུས་བབ་ཅེས་པའི་གསར་ཤོག་ནང༌གཞུང་འབྲེལ་སྐུ་ཚབ་གསར་པ་ཨི་མ་ཨི་ཡིས་རྒྱ་ནག་གམ་ཐའེ་ལྦན་དང་ཉི་ཧོང་དབར་གྱི་འབྲེལ་བ་སོགས་ཀྱི་གནད་དོན་སྐོར་བརྒྱུད་མངའ་དེ་ཙམ་མེད་པ་དང༌རྒྱ་སྐད་ཀྱང་ཡག་པོ་མཁྱེན་གྱི་མེད་པར་ཉི་ཧོང་གིས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གནས་ཚུལ་བཀོད་འདུག།