འཇམ་དབྱངས་བསྟན་འཛིན་ལགས་ཀྱི་མོན་རྟ་དབང་ནས་རྒྱལ་ས་ལྡི་ལི་བར་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ།
དེ་སྔོན་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ཟླ་ ༩ ཚེས་ ༢༧ ནས་དབུ་འཛུགས་ཀྱིས། མོན་རྟ་དབང་ནས་རྒྱལ་ས་ལྡི་ལི་བར་བཅས་སྤྱི་ལེ་ ༤༠༠༠ ལྷག་ཙམ་གྱི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་དང་། བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་སྤེལ་དགོས་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ཀྱི་བདག་དབང་ཡོངས་རྫོགས་བོད་མི་རྣམས་ལ་ཕྱིར་སྤྲོད་དགོས་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་སྤེལ་བཞིན་པ་སོགས་ཀྱི་ཐད། རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་ཀྱི་འབོད་སྐུལ་ཞུ་ཆེད་དུ་ཡིན་ཞེས། འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།མ་ཟད་ཁོང་གིས་གསུངས་ན། ཁོང་ནས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐབས་ལམ་བར་དུ་རྐང་འཁོར་ཆག་སྐྱོན་ཤོར་བ་སོགས་དཀའ་ངལ་མང་དག་ཅིག་འཕྲད་ཡོད་ཀྱང་། རྒྱ་གར་གྱི་ (Kanpur Rider) ཞེས་པའི་ཚོགས་པས་ཁོང་ལ་རོགས་རམ་གང་ལེགས་གནང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། འདི་ཚེས་ ༡༠ ཉིན་ཁོང་གི་ལས་འགུལ་དེ་བཞིན་གྲུབ་མཚམས་ཁོང་ནས། བོད་མི་རྣམས་མཆམ་མཐུན་དང་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་ཚུལ་དེ་དག་ལ་དོ་སྣང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་མུ་མཐུད་བྱ་དགོས་པའི་སྐུལ་མ་གནང་སོང་།
རྩ་བའི་ཐེངས་འདིའི་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་པ་དང། དེ་སྔོན་ཁོང་ནས་བཞུགས་སྒར་རྡ་ས་ནས་གནས་མཆོག་རྡོ་རྗེ་གདན་བར་སྤྱི་ལེ་ ༣༠༠༠ དང་། ལྷོ་ཕྱོགས་སྦེལ་ལ་ཀོ་པི་བོད་མིའི་གཞིས་ཆགས་ནས་སྡེ་ར་ལྡུན་བར་སྤྱི་ལེ་ ༣༠༠༠། དེ་ནས་བདེ་སྐྱིད་གླིང་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་སྤྱི་ལེ་ ༢༥༠ དང་། ལ་དྭགས་ནས་བཞུགས་སྒར་བར་སྤྱི་ལེ་ ༨༠༠ བཅས་ཁྱོན་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་བཞི་སྤེལ་ཡོད་ཅིང་། ཁོང་ནས་གསུངས་ན་མ་འོངས་ཁོང་ལོ་ ༦༥ སྐབས་སུ་རྐང་འཁོར་སྐོར་སྐྱོད་མཐའ་མ་དེ་ལྷོ་ཕྱོགས་སེ་ར་འབྲས་སྤུངས་དགའ་ལྡན་གསུམ་ནས་བཞུགས་སྒར་བར་སྤེལ་རྒྱུ་ཡིན་པ་གསུངས་བྱུང་།
གསར་འགོད་པ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།