རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་སྡོམ་མཛད་སྒོར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཏམ་བཤད་གནང་སོང་།

རྒྱ་གར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ཉིན་གྲངས་གསུམ་རིང་གི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་འདི་ཚེས་༥ཉིན་མཇུག་བསྒྲིལ་གནང་སོང་ལ། མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཆེད་ཕེབས་ཀྱིས་གཏམ་བཤད་གནང་སྐབས། བོད་མི་རིགས་ནི་ལོ་རྒྱུས་ལྡན་པའི་མི་རིགས་ཚད་ལྡན་ཞིག་ཡིན་པས། བོད་རིགས་གཞོན་སྐྱེས་ཚོས་དེ་ལ་སྐད་ཡིག་རིག་གཞུང་དང་ཆབ་སྲིད། ཆོས་ལུགས། ཁོར་ཡུག་སྲུང་སྐྱོབ་སོགས་རིག་ཚན་སྣ་ཚོགས་ཀྱི་ལམ་ནས་སོ་སོའི་ཆེད་མཁས་འོས་བབ་དང་མཐུན་པའི་སྲུང་སྐྱོབ་གནང་དགོས་པ་མ་གཏོགས། རྒྱ་ནག་གཞུང་གིས་ང་ཚོ་ལ་འགོག་རྐྱེན་འདྲ་མིན་བཟོས་བསྡད་ཡོད་པ་སོགས་གསལ་སྟོན་གནང་སོང་།
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས། བོད་རིགས་གཞོན་སྐྱེས་ཚོ་རང་རང་གནས་ཡུལ་གྱི་གནས་ཚུལ་ཡག་པོ་ཤེས་པའི་ཁེ་ཕན་བླངས་ཏེ་བོད་དོན་ཞུ་གཏུགས་གནང་དགོས་པ་དང་། སྐུ་ཚབ་དོན་གཅོད་རྣམ་པར་དུས་ནས་དུས་སུ་འབྲེལ་ལམ་གནང་སྟེ་བོད་དོན་འཐབ་རྩོད་རྒྱུད་འཛིན་གནང་དགོས་པའི་ལམ་སྟོན་གནང་སོང་།
རྒྱལ་སྤྱིའི་བོད་རིགས་གཞོན་སྐྱེས་ཀྱི་ཚོགས་ཆེན་འདིར་འཛམ་གླིང་ཡུལ་གྲུ་ཁག་འདྲ་མིན་༡༣ནས་ཆེད་བཅར་གཞོན་སྐྱེས་༡༠༠ལྷག་ཚོགས་ཞུགས་གནང་ཡོད་པ་དང་། ཨོསི་ཊརེ་ལི་ཡ་(Australia)་ནས་ཡོང་བ་མགོན་པོ་སྐྱབས་ལགས་ཀྱིས། གཞུང་གི་སྲིད་བྱུས་བཟོ་མཁན་ཚོར་འབྲེལ་བ་གནང་སྟངས་ཀྱི་ཐབས་ལམ་དང་། སྤྱི་ཚོགས་དྲྭ་ལམ་བེད་སྤྱོད་གཏོང་སྟངས་ཀྱི་ཟབ་སྦྱོང་གིས་ཧ་ཅང་ཕན་པོ་བྱུང་བ་འགྲེལ་བརྗོད་གནང་བ་དང་། ཁེ་ཎ་ཌ་ནས་ཕེབས་པ་བསྟན་འཛིན་དབང་མོ་ལགས་ནས་ཚོགས་ཆེན་འདི་བརྒྱུད་ནས་སོ་སོའི་མི་རིགས་ཀྱི་ངོ་བོ་དང་ལས་འགུལ་ལག་བསྟར་གྱི་ཐོག་ཕན་ཐོགས་རྒྱ་ཆེ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཨོསི་ཊརེ་ལི་ཡ་ནས་ཡོང་བ་བསྟན་འཛིན་ཟླ་ཟེར་ལགས་ནས་སོ་སོར་ཚོགས་ཆེན་འདི་ནས་སྦྱོང་བརྡར་ཐོབ་པ་རྣམས། ཕར་སོང་ནས་བོད་མི་གཞོན་སྐྱེས་ཚོགས་ཞུགས་མ་ཐུབ་པ་ཚོར་བསླབ་རྒྱུའི་འདོད་པ་ཡོད་ཅེས་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཚོགས་ཞུགས་པ་བཎ་དེ་ཚེ་རིང་ལགས་ནས་ཀྱང་། ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ནས་བོད་ནང་གི་གནས་ཚུལ་ངོ་སྤྲོད་གནང་བ་དེས། སོ་སོ་ལ་བོད་དོན་ལས་འགུལ་སྤེལ་རྒྱུའི་སེམས་ཤུགས་ཆེན་པོ་སྐྱེས་སོང་བ་འགྲེལ་བརྗོད་གནང་གི་འདུག
ཉིན་གྲངས་གསུམ་རིང་འཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་འདིར། སྤྱི་ཚོགས་དྲྭ་ལམ་དུ་བོད་དོན་ཁྱབ་སྤེལ་གནང་སྟངས་དང་འགོ་ཁྲིད་དང་ཆབ་སྲིད་མི་སྣ་ལ་འབྲེལ་ལམ་གནང་སྟངས། རྒྱལ་སྤྱིའི་སྤྱི་ཚོགས་འཁྲུག་ཆ་དོད་པོ་དེའི་ནང་བོད་དོན་ལས་འགུལ་སྤེལ་ཐབས་དང་། ལྷག་པར་འཚེ་མེད་ཞི་བའི་ལས་འགུལ་དང་བོད་ནང་གི་གནས་ཚུལ་སོགས་ངོ་སྤྲོད་ཟབ་སྦྱོང་ཕུལ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།