རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས་ཐེ་ལྦན་དུ་བོད་དོན་ཞུ་གཏུག་གནང་འདུག

ཟླ་འདིའི་ཚེས་ ༢༡ རེས་གཟའ་པ་སངས་ཉིན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་ཐེ་ལྦན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ (National Human rights commission of Taiwan) དང་ཐེ་ལྦན་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག བོད་དོན་ཞུ་གཏུག་གི་ཚོགས་འདུ་ཞིག་ཐེ་ལྦན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུ་དེ་ནི་ཐེ་ཝན་ནང་གི་གཞོན་སྐྱེས་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ཀྱི་ཐད་དོ་སྣང་། བོད་དོན་གོ་རྟོགས་སྤེལ་ཆེར་དམིགས་པ་ཞིག་ཡིན་ཞིང་། ལྷག་པར་བོད་དོན་དང་འབྲེལ་བའི་གནད་དོན་གལ་ཆེན་གསུམ་སྟེ། བོད་ནང་ཆོས་དད་རང་དབང་དང་བཅའ་སྡོད་སློབ་གྲྭ བོད་ནང་གི་ཁོར་ཡུག་བཅས་ཀྱི་སྐོར་གྲོས་མོལ་བྱུང་ཡོད་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ཀྱི་འབྲེལ་མཐུད་པ་འབུམ་རམས་པ་བློ་བཟང་གཡང་མཚོ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བློ་བཟང་ལགས་ཀྱིས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། བོད་དང་ཐེ་ལྦན་གྱི་གནས་སྟངས་ནི་གཅིག་སྟེ། གཉིས་ཀ་རྒྱ་ནག་གཞུང་གིས་བཙན་འོག་ཏུ་དཀའ་སྡུག་མྱངས་བཞིན་ཡོད་དུས། ཐེ་ལྦན་ནང་བོད་དོན་གོ་རྟོགས་ཀྱི་ལས་འགུལ་གང་མང་སྤེལ་རྒྱུ་ནི་གལ་གནད་ཅན་ཞིག་ཆག་ཡོད་པ་དང། དེ་སྔོན་ཐེ་ཝན་ནང་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཐེངས་ཁ་ཤས་འཚོགས་མྱོང་ཡོད་ཅིང་། ཐེ་ཝན་ནང་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་དང་འབྲེལ་བའི་ལས་འགུལ་སོགས་ཤུགས་ཆེ་སྤེལ་བའི་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པས། ཐེངས་འདིའི་ལྷན་ཚོགས་སྐབས་སུའང་ཁོང་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གང་ལེགས་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག མ་ཟད་ཁོང་ནས་བོད་མི་རྣམས་ནས་ཐེ་ལྦན་དང་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་རྒྱུ་སོགས་གལ་ཆེན་ཡིན་པ་གསུངས་བྱུང་།
གཞན་ཡང་ཐེངས་འདིའི་ཚོགས་འདུ་སྐབས་སུ་ཐེ་ཝན་དོན་བཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང། བཀྲ་ཤིས་ལགས། ཐེ་ཝན་གནས་བཞུགས་དགེ་བཤེས་བསྟན་འཛིན་ལགས་བཅས་ནས་བོད་དོན་དང་འབྲེལ་བའི་སྐོར་ལ་འགྲེལ་བརྗོད་གནང་ཡོད་པ་དང། ཐེ་ཝན་གཞོན་སྐྱེས་ནས་བོད་དོན་ཐོག་གྲོས་བསྡུར་དང་མ་འོངས་པ་མཉམ་རུབ་ཀྱི་ལས་འགུལ་སྤེལ་ཕྱོགས་ཐད་གྲོས་སྡུར་ལྷུག་པོ་བྱུང་ཡོད་པ་རེད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།