ཨ་མི་རི་ཀས་མུ་མཐུད་དུ་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་དང་གོང་སྤེལ་གཏོང་རྒྱུ་ཡིན་ཟེར།
ཕྱི་ཟླ་༡༠་པའི་ཚེས་༢༧་ཉིན་ནི་ལོ་ལྟར་སྲུང་བརྩི་ཞུ་བཞིན་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོ་ཡིན་པ་ལྟར། འདི་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony Blinken)་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨ་མི་རི་ཀས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། དད་སེམས་དང་ཆོས་དད་རང་དབང་ནི་ཨ་མི་རི་ཀའི་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་གཙོ་གནད་ཞིག་ཏུ་འཛིན་བཞིན་ཡོད། ཨ་མི་རི་ཀའི་རིན་ཐང་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གཅེས་སྐྱོང་བྱེད་བཞིན་པ་མ་ཟད། འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་དཀའ་ངལ་ཅན་དང་འགྲོ་བ་མིའི་ཐོབ་ཐང་གི་འབོད་སྒྲ་སྒྲོག་མ་ཐུབ་མཁན་ཚོར་རྒྱབ་སྐྱོར་བྱ་རྒྱུ་ནི་ལྡོག་ཏུ་མེད་པ་ཞིག་ཡིན་ཞིང་། ཨ་མི་རི་ཀའི་ངོས་ནས་འཛམ་གླིང་གི་འགྲོ་བ་མི་རིགས་ཚང་མའི་དད་པའམ་ཆོས་དད་རང་དབང་སྲུང་སྐྱོབ་དང་གོང་འཕེལ་གཏོང་བར་མུ་མཐུད་ནས་རྒྱབ་སྐྱོར་ལྷོད་མེད་གནང་བཞིན་ཡོད་པ་གསུངས་ཡོད་པ་རེད།
དེའི་ཐད་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས། བོད་གཙོས་པའི་རྒྱ་ནག་ནང་གི་ཆོས་དད་རང་དབང་མེད་པའི་གནས་སྟངས་གླེང་སློང་གནང་མ་ཟད་། ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པ་ནི། རྒྱ་ནག་ནི་འཛམ་གླིང་ནང་ནས་ཆོས་དད་རང་དབང་མེད་པའི་ཡུལ་ལུང་སྡུག་ཤོས་ཀྱི་གྲས་སུ་ངོས་འཛིན་གྱིས་ཆོས་དད་རང་དབང་ཐོག་ལ་རྡུང་རྡེག་དང་དྲག་གནོན་བྱེད་མཁན་དཔོན་རིགས་ལ་ཉེས་ཆད་གཏོང་བ་སོགས་ཐུགས་སྣང་ཆེན་པོ་གནང་གི་ཡོད་པའི་སྐོར་ངོ་སྤྲོད་གནང་བྱུང་།
ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཉིན་མོ་དེ་ནི། ཨ་མི་རི་ཀའི་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་གལ་ཆེར་གཟིགས་ཏེ་། ཉིན་མོ་དེ་གཏན་འབེབས་གནང་བ་ཞིག་ཡིན་པ་མ་ཟད་། ༡༩༩༨་ལོར་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་འཆར་གཏན་འབེབས་བྱས་པའི་ཐོག་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དང་ལྷན་ཚོགས་ཀྱི་ལས་ཁུངས་གཉིས་དངོས་སུ་བཙུགས་གནང་བ་ཞིག་ཡིན་འདུག
གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།