བཞུགས་སྒར་དུ་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་བྱེད་རྒྱུ།
2015.12.07
བཞུགས་སྒར་དུ་ཉིན་གཉིས་རིང་༢༠༡༥་ལོའི་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་བྱེད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག
དེ་ཡང་དེ་རིང་ཕྱི་ཚེས་༧་ཉིན་རྡ་སར་རྟེན་གཞི་བྱས་པའི་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་བསྒྲིགས་འོག་ཕྱི་ཚེས་༡༠དང་༡༡བཅས་ཉིན་གྲངས་གཉིས་རིང་། རྡ་ས་མེཀ་ལོ་གྷན་ཇིར་ཡོད་པའི་སྦག་སུ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་ཧི་མཱ་ལ་ཡའི་དུས་སྟོན་གོ་སྒྲིག་ཞུ་འཆར་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་དང་།
རྡ་ས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་བོད་མི་མང་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་དང་། ཤྲི་རམ་སྭ་རུབ་ལགས། རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས། སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་བཅས་ཕེབས་ཏེ། ཕྱི་ནང་གི་གསར་འགོད་པ་༢༠ཙམ་ལྷན་འཛོམས་ཀྱིས་ཐོག་མར་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་དེ་སྔ་ལོ་མང་རིང་ནས་རྒྱལ་སྤྱིའི་ཧི་མཱ་ལ་ཡའི་དུས་སྟོན་ཞེས་པ་དེ་གོ་བསྒྲིགས་ཞུ་མུས་ལྟར་འདི་ལོ་ཡང་དེ་ལྟར་སྲུང་བརྩི་ཞུ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
དེ་རྗེས་ཤྲི་རམ་སྭ་རུབ་ལགས་ཀྱིས། ༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཕྱི་ལོ་ ༡༩༨༩ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་བརྟེན་ཧི་མཱ་ཅལ་མངའ་སྡེ་དང་། རྡ་རམ་ས་ལ། རྒྱ་གར་རྒྱལ་ཡོངས། དེ་བཞིན་འཛམ་གླིང་ཞི་བདེར་དགའ་བའི་མི་མང་ཚོ་ཧ་ཅང་དགའ་ཚོར་ཆེན་པོ་གནང་གི་ཡོད་པ་རེད། དེར་བརྟེན་ཕྱི་ལོ་༡༩༩༥ལོ་ནས་བཟུང་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དགའ་སྟོན་རྟེན་འབྲེལ་མཚོན་བྱེད། རྡ་ས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པས་ཉིན་དེར་འཛམ་གླིང་ཞི་བདེའི་ཉིན་མོ་དང་། མཛའ་གྲོགས་ཀྱི་འབྲེལ་ལམ་གོང་སྤེལ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པའི་ཡིད་དབང་འཕྲོག་ཆེད་རྒྱལ་སྤྱིའི་ཧི་མྰ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུ་མུས་ཡིན། ཧི་མྰ་ཅལ་མངའ་སྡེ་གཞུང་དང་། བོད་མིའི་སྒྲིག་འཛུགས་ནས་དུས་རྟག་ཏུ་ང་ཚོར་མཐུན་འགྱུར་ཧ་ཅང་གནང་བྱུང་། འདི་ལོའི་དུས་སྟོན་དེ་བཞིན་Hotel Bagsuམགྲོན་ཁང་ར་བའི་ནང་གོ་སྒྲིག་ཞུ་རྒྱུ་དང་། ཕྱི་ཚེས་༡༠ཉིན་དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ལྷན་ཁང་དང་། ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སུ་དྷིར་ཤཱར་མཱ་མཆོག་དང་། དམིགས་བསལ་ཆེ་བསྟོད་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མགྲོན་འབོད་ཞུས་ཡོད། དེ་བཞིན་ཕྱི་ཚེས་༡༡ཉིན་མཇུག་སྒྲིལ་མཛད་སྒོར་ཀ་ངྒ་ར་རྫོང་དཔོན་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་མགྲོན་འབོད་ཞུས་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་གནང་འདུག
གསར་འགོད་པ་དབྱངས་སྒྲོལ།