སྨན་གྱི་ཚོགས་ཆེན་བརྒྱད་པ།
2013.09.13

༄༅། །༢༠༡༣ ཟླ་༩ཚེས་༩ནས་ཚེས་༡༣ བར་ཉིན་ལྔའི་རིང་རྒྱལ་སྤྱི་ཨེ་ཤེ་ཡ་སྲོལ་རྒྱུན་སྨན་གྱི་ཚོགས་པ་དང་ཀོ་རི་ཡ་ སྨན་གྱི་ལོ་རྒྱུས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ལྷོ་ཀོ་རི་ཡ་སེན་ཅིའོང་ཞེས་པའི་ས་གནས་སུ་རྒྱལ་སྤྱིའི་ཨེ་ཤི་ཡ་སྨན་གྱི་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཚོགས་ཡོད་པ་རེད། བོད་ཀྱི་གསོ་རིག་སྨན་པ་ཁྱུ་གསར་རྣམ་རྒྱལ་ལགས་ཀྱིས་ང་ཚོ་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྐབས་འདིར་རྒྱལ་ཁབ་ཁག་སུམ་ཅུ་ནས་ཚོགས་བཅར་བ་གྲངས་ཉིས་བརྒྱ་ཙམ་འདུ་འཛོམས་ཐུབ་ཡོད་ཅིང་། ཚོགས་འདུའི་བརྗོད་གཞི་གཙོ་བོ་དུས་རབས་ཉེར་གཅིག་ནང་ཨེ་ཤེ་ཡ་སྲོལ་རྒྱུན་སྨན་རྣམས་མདུན་སྐྱོད་བྱེད་ཕྱོགས་སྐོར་ཏེ་སྲོལ་རྒྱུན་སྨན་སོ་སོའི་ལོ་རྒྱུས། ཉམས་ཞིབ་ཡིག་ཆ་སྒྲོག་བྱང་། ལག་ལེན་དང་ཕན་ཡོན་སྐོར་སོགས་བརྗོད་གཞི་འདྲ་མིན་༢༣༧སྐོར་གཏམ་བཤད་བགྲོ་གླེང་གནང་ཡོད་པ་རེད། དེའི་ཁོངས་ནས་བོད་ཀྱི་གསོ་རིག་ཀྱི་ཉམས་ཞིབ་ཡིག་ཆའི་སྐོར་དང་། གཞུང་དང་ལག་ལེན་སྐོར་དང་། གཞན་ཡང་བོད་ཀྱི་གསོ་རིག་པའི་མ་འོངས་པར་མདུན་བསྐྱོད་བྱེད་ཐད་ཡོ་རོབ་དང་རྒྱ་གར་ནང་གི་ཁྲིམས་ཀྱི་འགྲོ་ལུགས་སྐོར་སོགས་ལའང་བགྲོ་གླེང་ལྷུགས་པོ་གནང་ཡོད་པ་རེད། ཚོགས་ཆེན་འདིར་རྒྱ་བོད་གཉིས་དང་བལ་ཡུལ་བཅས་ནས་གསོ་རིག་སྨན་པ་དྲུག་དང་། ཡུ་རོབ་དང་ཨ་རི། ཉི་ཧོང་དང་ཨོས་ཏྲེ་ལི་ཡ། ཨིན་ཡུལ་སོགས་བོད་ཀྱི་གསོ་རིག་སྐོར་ཉམས་ཞིབ་པ་བཅས་བསྡོམས་སྐུ་ཚབ་མི་གྲངས་༢༠ཙམ་འདུ་འཛོམས་ཐུབ་ཡོད་པ་རེད།།