རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་ཁེ་ན་ཌར་ཚོགས་འཆར།
2010.08.05
༄༅༎ཁེ་ན་དྲའི་ནང་ཚོགས་འཆར་གྱི་རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་སྐབས་བོད་རིགས་མང་པོ་མཉམ་ཞུགས་བྱེད་ཐུབ་བཟོ་མེད་པའི་སྐོར་གོ་སྒྲིག་གནང་མཁན་ནས་འགྲེལ་བརྗོད་བྱེད་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་སེ་ཀྲེདྲ་ཞེས་པའི་དྲ་རྒྱའི་ནང་གནས་ཚུལ་བཀོད་པར་ལྟར་ན། ཁེ་ན་དྲའི་ལྦེན་ཀུ་ལྦའི་གཙུག་ལག་སློབ་གཉེར་ཁང་གི་ནང་། ཆོས་དང་། ཨེ་ཤ་ཡའི་ཉམས་ཞིབ་སྡེ་ཚན་ནང་སློབ་དཔོན་ཚེ་རིང་ཤཱཀྱ་ལགས་ནས་འགྲེལ་བརྗོད་གནང་བར་ལྟར་ན། རིང་མིན་ཚེས་བཅོ་ལྔ་ནས་ཉི་ཤུ་བར་ཁུལ་དེར་ཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་དེ་བཞིན་ལོ་གསུམ་རེའི་མཚམས་འཛམ་གླིང་གི་ཡུལ་གྲུ་གང་སར་ཚུགས་ཀྱི་ཡོད་པ་ལྟར་ལོ་འདིའི་ལྷན་ཚོགས་དེ་བཞིན་ལྦེན་ཀུ་ལྦའི་ནང་ཚོགས་གཏན་འཁེལ་ཡོད་རེད། ལྷན་ཚོགས་འདིའི་ནང་རྒྱལ་ཁབ་ཉི་ཤུ་རྩ་གཅིག་ནས་མཁས་དབང་བཞི་བརྒྱ་ལྷག་ཙམ་མཉམ་ཞུགས་རྒྱུ་ཡིན་པ་རེད། ཡིན་ནའང་རྒྱ་གར་དང་། འབྲུག། བལ་ཡུལ་བཅས་ནས་བོད་རིགས་མཁས་དབང་ཁག་ཅིག་ལ་ཁེ་ན་དྲའི་གཞུང་ཚབ་ཁང་ནས་ཐོངས་མཆན་ལྦི་ས་མ་སྤྲད་པར་བརྟེན་ཁོང་ཚོ་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་པ་རེད། དེ་འདྲ་ཡིན་དུས་ལྷན་ཚོགས་འདིའི་དམིགས་ཡུལ་གཞིར་བཟུང་བོད་རིགས་མང་པོ་མཉམ་ཞུགས་བྱེད་ཐུབ་བཟོ་མེད་པའི་རྣམ་པ་འདུག་ཅེས་གསུངས་ཡོད་འདུག
ཚེ་རིང་ཤཱཀྱ་ལགས་ནས་ལྷན་ཚོགས་འདིའི་དོན་དུ་དྲོ་ལར་ཆིག་འབུམ་ཙམ་འདུ་འགོད་བྱེད་ཐུབ་ཡོད་པ་དང་། དེ་དག་གི་ཐོག་ནས་རྒྱ་གར་ནས་འཐུས་མི་བཅུ་དང་། རྒྱ་ནག་ནས་འཐུས་མི་༣༠ཡོད་པ་དེ་དག་ལ་རྒྱ་ནག་གཞུང་ནས་རྒྱ་མིའི་སྤ་སེའི་ཐོག་བསྐྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད་ལུགས་གསུངས་འདུག། ཁོང་གིས་ཁེ་ན་དྲའི་ཕྱི་མི་གཞིས་སྤོས་ལས་ཁུངས་ཀྱི་བློན་ཆེན་མཆོག་ལ་བདེ་སྡུག་ཞུ་སྙན་ཕུལ་ནས་ལྡི་ལིའི་གཞུང་ཚབ་ཁང་དུ་ཝི་ས་སྤྲོད་ཆོག་ཐོག་བསྐྱར་དུ་དགོངས་བཞེས་གནང་རོགས་གནང་ཞུས་ཡོད་འདུག དེ་བཞིན་གསར་འགོད་པས་ཀྱང་འབྲེལ་ཡོད་ཚོར་གནད་དོན་འདིའི་ཐོག་འདྲི་རྩད་བྱས་ཀྱང་དམིགས་བསལ་བརྡ་ལན་སྤྲད་མེད་པ་རེད། ལྷན་ཚོགས་འདིའི་ཐོག་བྱང་ཨ་རི་དང་། ཡུ་རོབ་ཁུལ་ནས་མང་པོ་ཞིག་མཉམ་ཞུགས་གནང་འཆར་ཡོད་པའི་སྐོར་ཡང་གསུངས་ཡོད་པ་རེད།