རྒྱ་གར་དང་ཨ་མི་རི་ཀའི་བར་གྱི་འབྲེལ་ལམ་སྐོར།
2009.11.24
༄༅༎རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིངག་མཆོག་གིས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ཞིང་གཞན་ནང་ཚུད་པར་བྱེད་པའི་ཨེ་ཤི་ཡ་ཞིག་བཟོ་ཐབས་ཐད་ཨ་མི་རི་ཀ་དང་ཟུང་འབྲེལ་གྱི་ཐོག་ནས་ཕྱག་ལས་གནང་འདོད་ཡོད་པ་གསུངས་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་གྱིས་རྒྱ་གར་དང་ཨ་མི་རི་ཀ་ནི་འཛམ་གླིང་ནང་གི་མང་གཙོའི་ཡུལ་གྲུ་ཆེ་ཤོས་གཉིས་དེ་ཡིན་པ་དང་ཡུལ་གྲུ་དེ་གཉིས་དབར་ཨཕྷ་གྷ་ནིསི་ཐན་གྱི་གནད་དོན་ནས་གོ་ལའི་འཕྲོད་བསྟེན་གྱི་གནད་དོན་སོགས་ཐོུང་གིས་གདོང་ལེན་བྱ་དགོས་པ་མང་དག་ཅིག་ཡོད་པ་གསུངས་ཤིང་ ཨ་མི་རི་ཀ་དང་རྒྱ་གར་དབར་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཀྱི་གནད་དོན་ཐད་མི་མཐུནཔ་ཆེན་པོ་ཡོད་ཀྱང་ རྒྱ་གར་གྱི་སྲིད་བློན་དང་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་ཟུང་འབྲེལ་གྱི་ཐོག་ནས་ཐོུང་གི་ལངས་ཕྱོགས་མཚོན་པའི་གསལ་བསྒྲགས་ཤིག་གནང་ཐུབ་རྒྱུར་ཐུགས་རེ་གནང་གི་ཡོད་པ་གསུངས་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་ནི་སྐུ་ཞབས་ཨོ་བྷཱ་མ་ཨ་མི་རི་ཀའི་སྲིད་འཛིན་དུ་འདེམས་ཐོན་བྱུང་རྗེས་ཨ་རིའི་རྒྱལ་ཁབ་ཀྱི་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་རྒྱལ་ས་ལྦ་ཤིང་ཊོན་དུ་ཕེབས་མཁན་ཕྱི་རྒྱལ་གྱི་དབུ་འཁྲིད་ཐོག་མ་དེ་ཡིན་པ་དང་ གཟའ་མིག་དམར་དགོང་དྲོ་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་སྲིད་བློན་མན་མོ་ཧན་སིངག་མཆོག་ལ་གཞུང་འབྲེལ་གྱི་གསོལ་སྟོན་གྲ་རྒྱས་ཤིག་གཤོམ་རྒྱུ་ཡིན་པ་རེད།
སྲིད་འཛིན་ཨོ་བྷཱ་མའི་གཞུང་གིས་རྒྱ་ནག་ལ་འབྲེལ་ཐག་ཉེ་པོའི་སྲིད་བྱུས་ཤིག་བཟུང་པ་དང་ པ་ཀིསི་ཐན་ལ་རོགས་དངུལ་འབོར་ཆེ་མཁོ་སྤྲོད་གནང་པ་སོགས་ཀྱི་གནད་དོན་ཐད་རྒྱ་གར་ལ་སེམས་འཚབ་བསྐྱེད་གཞི་ཆགས་ཡོད་ན་ཡང་ ཨ་རིའི་གཞུང་གིས་རྒྱ་གར་གྱི་སྲིད་བློན་ལ་ཚད་མཐོའི་ཕེབས་བསུ་སྣེ་ལེན་ཞུ་བཞིན་པ་དེས་ སྲིད་འཛིན་ཨོ་བྷཱ་མའི་ངོས་ནས་རྒྱ་གར་དང་འབྲེལ་ལམ་འདི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་མཚོན་ཐུབ་རྒྱུ་ཡིན་ལུགས་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་རོ་བྷརཌ་གྷིཔསི་གྱིས་འགྲེལ་བརྗོད་གནང་འདུག།
ཨ་རིའི་སྲིད་འཛིན་ཉེ་ཆར་རྒྱ་ནག་ཏུ་འཚམས་གཟིགས་གནང་སྟེ་ཕྱིར་ཕེབས་གྲུབ་ཙམ་ཡིན་པ་དང་ ཁོང་གི་འཚམས་གཟིགས་དེའི་ཐོག་ནས་ཨ་རིར་ཕན་པའི་གྲུབ་འབྲས་དམིགས་བསལ་ཅན་གང་ཡང་མ་བྱུང་བ་དེར་ཨ་རིའི་བརྒྱུད་ལམ་ཁག་གི་ནང་ནས་སྲིད་འཛིན་ལ་སྐྱོན་བརྗོད་ཆེན་པོ་ཕོག་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངག་མཆོག་གིས་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱེད་པའི་ཕྱི་སྲིད་འབྲེལ་ལམ་ཉམས་ཞིབ་ལྟེ་གནས་ཁང་དུ་གཟའ་ཟླ་བའི་ཉིན་གསུང་བཤད་ཅིག་གནང་སྐབས་ རྒྱ་ནག་ལ་ཐད་ཀར་སྐྱོན་བརྗོད་མ་གནང་པའི་ཐོག་ནས་ ཁོང་གིས་རྒྱ་གར་གྱི་ཡུལ་གྲུ་འདི་ཨེ་ཤི་ཡའི་ཡུལ་གྲུ་གཞན་ལྟར་ཧ་ཅང་གྱི་མགྱོགས་ཚད་མྱུར་པོའི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་མེད་ན་ཡང་ རྒྱ་གར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ རིག་གཞུང་ དེ་བཞིན་གྲངས་ཉུང་མི་རིགས་ཚོའི་ཐོབ་ཐང་ལ་བརྩི་སྲུང་ཆེན་པོ་བྱེད་བཞིན་པ་དེ་ནི་སྤོབས་པ་བྱེད་འོས་པ་ཞིག་ཡིན་པ་གསལ་བཤད་གནང་ཡོད་པ་རེད།
ཡང་ཨ་མི་རི་ཀ་དང་ཐབས་བྱུས་འབྲེལ་ལམ་གནང་ཕྱོགས་ཐད་སྲིད་བློན་སིངག་མཆོག་གིས་ ཡུལ་གྲུ་གཉིས་དབར་དཔལ་འབྱོར་གྱི་འབྲེལ་ལམ་གཏིང་ཟབ་ཅིག་མ་བྱུང་ཚེ་ ཐབས་བྱུས་འབྲེལ་ལམ་འདི་འཕེལ་རྒྱས་འགྲོ་ཐུབ་ཐབས་མེད་པ་གསུངས་ཡོད་པ་རེད།
ཨ་རིའི་སྲིད་འཛིན་བུཤ་མཆོག་ནས་རྒྱ་གར་ལ་ཞི་བའི་ལས་དོན་ཆེད་རྡུལ་ཕྲན་ནུས་ཤུགས་ཀྱི་འཕྲུལ་རིགས་ཚོང་བསྒྱུར་གནང་རྒྱུའི་ཐག་གཅོད་གནང་པ་དེ་ སྲིད་འཛིན་ཨོ་བྷཱ་མའི་ངོས་ནས་ཀྱང་མཇུག་སྐྱོང་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།