རྒྱ་གར་གྱི་སྲིད་བློན་མཆོག་ཨ་རིའི་ནང་རྒྱལ་དོན་གཟིགས་བསྐོར།

རྒྱ་གར་གྱི་སྲིད་བློན་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་ལྷན་མཇལ་འཕྲད་གྲོས་མོལ་གྱི་གཙོས་མཛད་འཆར་རིམ་པ་ཁག་ཅིག་སྐྱངས་ཀྱི་ཡོད་པ་རེད།

2009.11.22

༄༅༎རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་དེ་རིང་ཨ་རིའི་ནང་རྒྱལ་དོན་གཟིགས་བསྐོར་དུ་ཕེབས་ཡོད་པ་དང་སྲིད་བློན་མཆོག་ནས་ཨ་རིའི་ནང་ཉིན་གྲངས་བཞི་བཞུག་གིས་ཨ་རིའི་སྲིད་འཛིན་གྱི་ལྷན་མཇལ་འཕྲད་གྲོས་མོལ་གྱི་གཙོས་མཛད་འཆར་རིམ་པ་ཁག་ཅིག་སྐྱངས་ཀྱི་ཡོད་པ་རེད་

རྒྱ་གར་གྱི་སྲིད་བློན་མཆོག་ད་རེས་ཨ་རིའི་ནང་ཨ་རིའི་གཞུང་གི་སྐུ་མགྲོན་དུ་ཕེབས་ཀྱི་ཡོད་པ་དང་དེ་ནི་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མས་སྲིད་འཛིན་གྱི་ཐུགས་འཁུར་བཞེས་པའི་རྗེས་ཕྱི་རྒྱལ་ཡུལ་ཁག་གི་དབུ་ཁྲིད་ཅིག་ལ་གཞུང་འབྲེལ་གདན་ཞུ་ཕུལ་བ་ཐོག་མ་དེ་ཡིན་པ་དང་དེ་ནི་རྒྱལ་ཁབ་ཀྱི་འགྲོ་ལུགས་ཤིག་ནང་མགྲོན་བདག་རྒྱལ་ཁབ་ཀྱི་གཞུང་གསར་པ་དེས་མགྲོན་འབོད་དང་པོ་དེ་རྒྱལ་ཁབ་གང་ཞིག་གི་དབུ་ཁྲིད་ལ་ ཞུ་ཡི་ཡོད་མེད་དེ་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཞིག་ལ་བརྩིས་ཀྱི་ཡོད་པ་ལྟར་གནད་དོན་དབྱེ་ཞིབ་པ་ཚོས་སྲིད་འཛིན་ཨོ་སྦ་མའི་གཞུང་གིས་སྲིད་འཛིན་གོང་མ་ཇོརྗ་ཌབ་ལུ་སྦུཤི་གིས་རྒྱ་གར་གྱི་ལྷན་འབྲེལ་ལམ་རྒྱ་བསྐྱེད་གཏོང་རྒྱུར་ཤུགས་གནོན་བསྐྱོན་པའི་སྲིད་བྱུས་དེ་མཇུག་སྐྱོང་གནང་གི་ཡོད་པའི་མཚོན་དོན་གལ་ཆེ་ཞིག་ཡིན་པ་གསུངས་ཀྱི་ཡོད་པ་རེད་

ཡིན་ནའི་གནད་དོན་དབྱེ་ཞིབ་པ་གཞན་ཁག་ཅིག་གིས་སྲིད་འཛིན་ཟུར་པ་ཇོརྗ་ཌབ་ལུ་སྦུཤི་གིས་རྒྱ་གར་གྱི་ལྷན་དོན་དངོས་ཀྱི་འབྲེལ་ལམ་རྒྱ་བསྐྱེད་གཏོང་རྒྱུའི་སྲིད་བྱུས་ཀྱི་གནད་འགག་ཅིག་འཛིན་ཡོད་པ་དང་སྲིད་འཛིན་སྦ་རཀ་ཨོ་སྦ་མའི་ད་བར་གྱི་གནང་ཕྱོགས་ལ་གཞིགས་ཚེ་རྒྱ་གར་ལས་རྒྱ་ནག་ལྷན་གྱི་འབྲེལ་ལམ་དེ་གཙོ་ཆེ་ཙམ་ཞིག་འཛིན་གྱི་ཡོད་པའི་སྣང་ཚུལ་ཡོང་བཞིན་པར་དེས་ད་ལྟ་རྒྱ་གར་གཞུང་གི་དཔོན་རིགས་ཀྱི་འཕྲོད་དེ་སྔོན་ཨ་རིའི་སྲིད་འཛིན་ཇོརྗ་ཌབ་ལུ་སྦུཤི་སྐབས་ཀྱི་འབྲེལ་ལམ་འཕེལ་རྒྱས་དང་འདྲ་མཚུངས་ཤིག་ཡོང་གི་ཡོད་པའི་འཚོར་སྣང་བཟང་པོ་ཞིག་ཡོང་གི་མེད་སྐོར་གསུངས་ཀྱི་ཡོད་པ་རེད་

དེ་ལྟར་ཡང་ཨ་རིའི་སྲིད་གཞུང་གི་ངོས་ནས་འཚོར་སྣང་དེ་མེད་པ་བཟོ་ཕྱིར་སྲིད་འཛིན་མཆོག་ནས་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་སྲིད་བློན་མཆོག་སྔ་དྲོ་གཞུང་འབྲེལ་མཛད་སྒོ་དང་སྦྲགས་སྲིད་འཛིན་གྱི་ཕོ་བྲང་ལ་གདན་ཞུས་ཀྱིས་དབུ་ཁྲིད་རྣམ་གཉིས་ཀྱི་དབར་ཡུལ་གྲུ་གཉིས་ཀྱི་ཚོང་འབྲེལ་གྱི་གཙོས་རྒྱལ་སྤྱིའི་གནད་དོན་ཁག་ལ་གྲོས་མོལ་ཞུ་ཡི་ཡོད་པ་དང་རྗེས་སུ་ཨ་རིའི་སྲིད་འཛིན་མཆོག་ནས་རྒྱ་གར་གྱི་སྲིད་བློན་སྐུ་འཁོར་ལ་དགོང་དྲོ་གཞུང་འབྲེལ་གྱི་ཆེས་མཐོའི་གསོལ་སྟོན་ཞིག་ཀྱང་འདེགས་འབུལ་ཞུ་ཡི་ཡོད་པ་རེད་

རྒྱ་གར་སྲིད་བློན་མཆོག་ནས་གཟིགས་བསྐོར་གྱི་ཐོག་མར་རེས་གཟའ་ཟླ་བའི་ཉིན་ཨ་རི་དང་རྒྱ་གར་གྱི་ཚོང་འབྲེལ་མཐུན་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་གནང་གི་ཡོད་པ་དང་རྗེས་སུ་ཨ་རིའི་ཕྱི་འབྲེལ་ཚོགས་ཆུང་གི་ཕྱི་སྲིད་མཁས་དབང་ཁག་ཅིག་དང་མཇལ་འཕྲད་གནང་གི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎