རྒྱ་གར་དང་བངྒ་ལ་རྡེ་ཤི་དབར་གཙང་ཆུ་མཉམ་སྤྱོད་གནང་ཐབས།
2011.09.07
༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་ཉིན་གཉིས་རིང་བངྒ་ལ་རྡེ་ཤིའི་རྒྱལ་ས་ཌ་ཀར་གཞུང་དོན་གཟིགས་སྐོར་ལ་ཕེབས་པའི་སྐབས་འདིར་ཀྲིསི་ཏ་(Teesta)གཙང་པོའི་ཆུ་། རྒྱ་གར་དང་བངྒ་ལ་རྡེ་ཤི་གཉིས་དབར་མཉམ་སྤྱོད་གནང་རྒྱུའི་མཐུན་གྲོས་ཐོག་མཚན་རྟགས་བཀོད་ཐུབ་མེད་པ་དེར་ཐུགས་ཕམ་གནང་སྟེ། དེ་ལྟར་ཡོང་ཐབས་སུ་འབད་བརྩོན་གནང་རྒྱུ་ཡིན་ལུགས་གསུངས་བཞག།
བངྒ་ལ་དེ་ཤི་དང་རྒྱ་གར་གཉིས་དབར་ཀྲིསི་ཏ་གཙང་ཆུ་དགེ་བེད་མཉམ་སྤྱོད་བྱ་རྒྱུའི་མཐུན་གྲོས་དེར་ནུབ་བེང་གལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་མམ་ཏ་སྦ་ནེར་ཇི་ཡིས་དགག་པ་ཤུགས་ཆེ་གནང་རྗེས་སྲིད་བློན་སིངྒ་མཆོག་གིས་བངྒ་ལ་དེ་ཤི་དང་རྒྱ་གར་གཉིས་དབར་ཚོང་འབྲེལ་སོགས་ གཙོ་བོ་དུས་ཡུན་རིང་པོ་ནས་ཡོད་བཞིན་པའི་ས་མཚམས་ཀྱི་རྩོད་གཞི་མཇུག་སྒྲིལ་གནང་རྒྱུའི་གལ་ཆེའི་མཐུན་གྲོས་གསར་འཇོག་གནང་ཐུབ་པ་བྱུང་ཡོད་ནའང༌། ཀྲིསི་ཏ་གཙང་པོ་མཉམ་སྤྱོད་གནང་རྒྱུའི་མཐུན་གྲོས་ཐོག་མཚན་རྟགས་བཀོད་གནང་ཐུབ་མེད་པ་རེད། བངྒ་ལ་དེ་ཤི་དང་ས་འབྲེལ་འཁེལ་བའི་རྒྱ་གར་གྱི་ནུབ་བེང་གལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་མམ་ཏ་སྦ་ནར་ཇིས་སྲིད་བློན་གྱིས་བཏོན་གནང་བའི་མཐུན་གྲོས་དེའི་ནང་བངྒ་ལ་དེ་ཤི་ལ་ཁས་ལེན་གནང་ཡག་མང་དྲག་པའི་སྐྱོན་བརྗོད་དང་འབྲེལ་སྲིད་བློན་དང་ལྷན་དུ་བངྒ་ལ་དེ་ཤིར་གཟིགས་སྐོར་གནང་བར་ཕེབས་མཁན་ཚོགས་ཆུང་ནས་རང་ཉིད་ཕྱིར་འཐེན་གནང་ཡོད་པ་རེད།
བངྒ་ལ་དེ་ཤིའི་སྲིད་བློན་ལྕམ་ཤེཀ་ཧ་སི་ན་མཆོག་གིས་ཐན་པའི་དཀའ་ངལ་ཤུགས་ཆེ་ཕྲད་སའི་བྱང་ཕྱོགས་བངྒ་ལ་དེ་ཤིའི་ཞིང་པ་ཚོར་ཞིང་ཆུ་འདྲེན་གཏོང་ཆེད་ཧ་ཅང་མཁོ་བའི་ཀྲིསི་ཏ་གཙང་པོའི་ལས་འཆར་དེ་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད།
རྒྱ་གར་སྲིད་བློན་སིངྒ་མཆོག་གིས་ཌ་ཀ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དེ་རིང་གསུངས་བཤད་གནང་སྐབས་ ད་རེས་ཁོང་ཡུལ་དེར་ཕེབས་སྐབས་ཀྲིསི་ཏ་གཙང་ཆུ་དགེ་བེད་མཉམ་སྤྱོད་བྱ་རྒྱུའི་མཐུན་གྲོས་ཐོག་མཚན་རྟགས་བཀོད་མ་ཐུབ་དེར་གྱོད་སེམས་གནང་སྟེ། རྒྱ་གར་དང་བངྒ་དེ་ཤི་ཡུལ་གཉིས་ཀའི་ནང་གཙང་ཆུའི་ཐོག་འཚོ་རྟེན་བྱེད་མཁན་ཕྱོགས་གཉིས་ཀའི་མི་མང་ལ་སླད་ཕྱིན་དཀའ་ངལ་མི་ཡོང་བའི་དོན་དུ་འབྲེལ་ཡོད་དཔོན་རིགས་ཚང་མར་ཐོུང་གི་གཞི་ཡུལ་ཞིག་འཚོལ་ཐབས་ཀྱི་འབད་བརྩོན་གནང་དགོས་རྒྱུའི་འབོད་སྐུལ་གནང་བ་ཡིན་ཞེས་འགྲེལ་བརྗོད་གནང་བཞག།