ང་ཚོས་བསམ་བློ་གཏོང་གི་ཡིན་ཟེར།
2013.10.04

རྒྱ་གར་གྱི་མི་སེར་མིན་པ་ཚོ་དེབ་སྐྱེལ་བྱེད་ཕྱོགས་ཐད་གཞུང་གིས་འགྱུར་བ་བཏང་ན་ང་ཚོས་བསམ་བློ་གཏོང་གི་ཡིན་གསུངས་འདུག
དེ་ཡང་རྒྱ་གར་དབུས་སྨན་ཞབས་ལྷན་ཚོགས་ཀྱིས་བཀའ་ཁྱབ་ཅིག་བསྒྲགས་ཏེ། རྒྱ་གར་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་དང་། འབྲུག བལ་ཡུལ་སོགས་ཀྱི་མི་རིགས་ཚོས་རྒྱ་གར་ནང་སྨན་ཞབས་ལས་ཀ་བྱེད་མི་ཆོག་པ་བྱས་ནས། དེབ་སྐྱེལ་བྱེད་ཀྱི་མེད་པ་སོགས་ལག་བསྟར་བྱས་པར་བོད་མི་སྨན་ཞབས་པ་མི་ཉུང་བར་དཀའ་ངལ་འཕྲད་བཞིན་པ་དང་། དེའི་ཐད་འདི་གའི་གསར་འགོད་པས་རྒྱ་གར་དབུས་སྨན་ཞབས་ལྷན་ཚོགས་ཀྱི་དྲུང་ཆེ་ལྕམ་སོའི་རེ་ཀ་སཱ་མ་ལགས་སུ་བཅར་འདྲི་བྱེད་སྐབས་བརྗོད་དོན། ང་ཚོ་རྒྱ་གར་རྒྱལ་ཡོངས་སྨན་ཞབས་ལྷན་ཚོགས་ཀྱི་སྒྲིག་གཞིའོ་ནང་དོན་ལྟར་འགྲོ་བཞིན་པ་ཡིན། གལ་སྲིད་རྒྱ་གར་གྱི་མི་སེར་མིན་པ་ཚོ་རྒྱལ་ཡོངས་སྨན་ཞབས་ལྷན་ཚོགས་ལ་དེབ་སྐྱེལ་བྱེད་ཆོག་པ་དང་། ཡང་ན་དེའི་ཐད་འགྱུར་གཏོང་རྒྱུ་རྒྱ་གར་གཞུང་ཕྱོགས་ནས་བརྡ་བཏང་ན་། དེ་བཞིན་ང་ཚོས་བསམ་བློ་གཏོང་གི་ཡིན་གསུངས་འདུག ཡང་ཉེ་སྔོན་ཕྱི་སྲིད་ལྷན་ཁང་གི་རྒྱབ་གཉེར་ཡིག་གེ་ངོས་ལེན་མ་བྱས་བའི་ཐད་དྲིས་སྐབས། ཕྱི་སྲིད་ལྷན་ཁང་ནས་གནང་བའི་རྒྱབ་གཉེར་ཡིག་གེ་ནང་བོད་པའི་སྨན་ཞབས་པ་ཚོ་དེབ་སྐྱེལ་བྱེད་པར་ཆབ་སྲིད་ཀྱི་དགག་བྱ་མེད་ཚུལ་བྲིས་འདུག དེ་ལྟར་ཆབ་སྲིད་དགག་བྱ་མེད་ཚུལ་དང་སྨན་ཞབས་ལྷན་ཚོགས་ཀྱི་སྒྲིག་ཁྲིམས་གཉིས་བསྲེས་ཐབས་མེད་པ་རེད་ཅེས་བརྗོད།
དེ་ཙ་ན་རྒྱ་གར་དབུས་སྨན་ཞབས་ལྷན་ཚོགས་INCནས་༢༠༡༣ ཟླ་ ༣ ཚེས་ ༢༥ འཁོད་པའི་ཡིག་ཆ་དེའི་ཚན་པ་དང་པོ་ཕྱི་རྒྱལ་མི་རིགས་ཐད་ཀྱི་ནང་གསེས་ཀ་བའི་ནང་། བལ་བོ་དང་བྷང་ལཱ་ཌེ་ཤཱི་། འབྲུག་པ། བོད་མི་སྐྱབས་བཅོལ་བ་བཅས་ཚུད་པའི་ཕྱི་རྒྱལ་མི་རིགས་ཚོར་སྨན་ཞབས་དང་། སྐྱེས་གཡོག་སོགས་ཀྱི་སློབ་སྦྱོང་བྱ་རྒྱུའི་ཆ་རྐྱེན་ཚང་རིགས་ལ་རྒྱ་གར་ནང་མུ་མཐུད་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་སྤྲོད་ཆོག་པ་ལས། སློབ་སྦྱོང་གི་དུས་ཡུན་སྐབས་དང་སློབ་སྦྱོང་ཐོན་རྗེས་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་ལོག་སྟེ་ལས་ཀ་བྱ་དགོས་པ་མ་གཏོགས། རྒྱ་གར་ནང་གནས་བབ་དང་ཁོར་ཡུག་གང་འདྲ་ཞིག་གི་འོག་ནས་ཀྱང་ལས་ཀ་བྱེད་ཆོག་གི་མེད་ཅེས་འཁོད་ཡོད་འདུག