རྒྱ་གར་དཔོན་རིགས་འཁྲུངས་སྐར་མཛད་སྒོའི་ནང་ཕེབས་འཆར།
2009.07.05
༄༅༎འཛམ་གླིང་ཡུལ་གྲུ་མང་པོའི་ས་གནས་ཁག་མང་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བཞིན་པ་ལྟར་རྒྱ་གར་རྒྱལ་ས་ལྡི་ལིར་མགོན་པོ་གང་ཉིད་དངོས་བཞུགས་གནང་བའི་ཐོག་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་རྡུལ་ཀ་ལམ་མཆོག་དང་ཧི་མ་ལ་ཡའི་རི་བརྒྱུད་མངའ་སྡེ་ཁག་གི་སྤྱི་ཁྱབ་བློན་ཆེན་ཁག་བཅས་གནད་ཡོད་མི་སྣ་ཕོན་ཆེན་འདུ་འཛོམས་ཀྱིས་སྐུའི་འཁྲུངས་སྐར་དུས་ཆེན་རེས་གཟའ་ཟླ་བའི་ཉིན་སྲུང་བརྩི་ཞུ་རྒྱུའི་མཛད་རིམ་གཏན་འཁེལ་གནང་འདུག
ཧི་མ་ལ་ཡའི་ནང་པའི་རིག་གཞུང་ཚོགས་པ་དང་ཧི་མ་ལ་ཡའི་ནང་པའི་སྒྲིག་འཛུགས་གཉིས་ཟུང་སྦྲེལ་ཐོག་ནས་གོ་སྒྲིག་གནང་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མི་མང་དང་༸གོང་ས་མཆོག་ལ་བཀའ་དྲིན་དྲན་ཤེས་ཀྱི་རྟེན་འབུལ་ཚུལ་དུ་མཛད་སྒོ་གནང་གི་ཡོད་ལུགས་གསར་འགོད་གསལ་བསྒྲགས་ནང་འཁོད་ཡོད་པ་རེད། ལྷག་པར་དུ་རྒྱ་གར་འཕགས་པའི་ཡུལ་དང་བོད་གཉིས་ནི་གནའ་དུས་ནས་འབྲེལ་བ་གཏིང་ཟབ་ཡོད་ཅིང་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཡོད་པ་དང་ཁྱད་པར་དུ་༸གོང་ས་མཆོག་གིས་བཀའ་དྲིན་ཉག་ཅིག་གིས་ཧི་མ་ལ་ཡའི་རི་བརྒྱུད་ཆོས་དང་རིག་གཞུང་གི་ཕན་རླབས་ཆེན་པོ་བྱུང་ཡོད་ལུགས་གསར་འགོད་གསལ་བསྒྲགས་དེའི་ནང་མུ་མཐུད་བཀོད་གནང་ཡོད་པ་རེད། ཧི་མ་ལ་ཡའི་རི་བརྒྱུད་དུ་ཆགས་པའི་མངའ་སྡེ་ཧི་མ་ཅལ་པཱར་རྡེཤ།ཇ་མུ་ཀཤི་མིར།ཨུ་ཏར་ཀན།འབྲས་ལྗོངས།ཨ་རུ་ན་ཅལ་པཱར་རྡེཤ་བཅས་ཀྱི་སྤྱི་ཁྱབ་བློན་ཆེན་རྣམས་ཕེབས་རྒྱུར་གཏན་འཁེལ་ཟིན་ཡང་ཇ་མུ་ཀཤི་མིར་དང་འབྲས་ལྗོངས་ཀྱི་མངའ་སྡེའི་སྤྱི་ཁྱབ་པ་གཉིས་སྐབས་མཚམས་ཀྱི་ལས་དོན་དབང་གིས་ངོ་ཕེབས་ཐུབ་མེད་པ་དང་ཆེས་མཐོའི་སྐུ་ཚབ་མི་སྣ་ཆེད་གཏོང་གནང་ཡོད་པ་རེད།
ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མའར་རྡུ་མལ་མཆོག་དང་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རིན་ཆེན་མཁའ་འགྲོ་རྣམ་གཉིས་ལྡི་ལིར་སྔ་ས་ནས་ཕེབས་འབྱོར་ཟིན་འདུག ཐེངས་འདི་སྐུའི་འཁྲུངས་སྐར་དུས་ཆེན་གཞི་རྒྱ་ཆེན་པོའི་ཐོག་ནས་སྲུང་བརྩི་ཞུ་འཆར་ལ་བརྟེན་གོང་ཞུས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མངའ་སྡེ་འདྲ་མིན་མཚོན་པའི་རིག་གཞུང་འཁྲབ་སྟོན་སོགས་ལས་རིམ་མང་པོ་ཡོད་སྐོར་འབྲེལ་མཐུད་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་འགྲེལ་བརྗོད་གནང་འདུག།