༄༅༎རྒྱ་གར་ནང་དམར་ཤོག་ཚོགས་པའི་དབུ་ཁྲིད་གྲགས་ཅན་ཇོ་ཏི་སྦ་སུ་དགུང་གྲངས་༩༦ལ་ཕེབས་སྐབས་འདས་སོང་གྱུར་འདུག༎
རྒྱ་གར་ཤར་ཕྱོགས་ནུབ་སྦེང་གོལ་(West Bengal)མངའ་སྡེ་ཆེན་མོའི་རྒྱ་གར་གྱི་མཁ་ཛིསིཊི་(India-Marxist)ཚོགས་པའི་སྤྱི་ཁྱབ་བློན་ཟུར་པ་གྲགས་ཅན་ཇོ་ཏི་སྦ་སུ་མཆོག་དགུང་ལོ་༩༦ལ་ཕེབས་སྐབས་བསྙུན་གཞིའི་རྐྱེན་པས་སྐུའི་འཕེན་པ་རྫོགས་ཡོད་སྐོར་ཚོགས་པའི་དབུ་ཁྲིད་ཚོས་བློ་ཕམ་ངང་གསལ་བསྒྲགས་གནང་འདུག
དམ་པ་དེ་ཉིད་ཀྱིས་ཕྱི་ལོ་༡༩༧༧ལོ་ནས་༢༠༠༠བར་ལོ་༢༣རིང་ནུབ་སྦེང་གོལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་ཡོད་པ་དང་ཕྱི་ལོ་༡༩༩༦ལོར་རྒྱ་གར་དབུས་གཞུང་གི་མནའ་འབྲེལ་གཞུང་འཛིན་གྱི་སྲིད་བློན་གནང་རྒྱུའི་རེ་འདུན་ཞུས་ཡོད་ཀྱང་དམར་ཤོག་ཚོགས་པས་མོས་མཐུན་མ་བྱས་པར་བརྟེན་དགོངས་བཞེས་གནང་མེད་པ་རེད་ རྗེས་སུ་ཁོང་གིས་ཁོང་གི་ཚོགས་པ་སྐབས་དེར་གཞུང་འཛིན་ནང་མཉམ་ཞུགས་མ་བྱས་པ་དེ་སྐྱོན་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་ཡོད་འདུག་ དམ་པ་དེ་ཉིད་ཀྱིས་ནུབ་བེངྒོལ་ནང་ས་ཞིང་བཅོས་སྒྱུར་སོགས་ཀྱི་ལས་འགུལ་ཤུགས་ཆེ་སླེལ་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་ཐང་དང་ནུས་པ་གོང་འཕེལ་བཏང་ཡོད་ཀྱང་མངའ་སྡེའི་ནང་འཛུགས་བསྐྲུན་སོགས་ཡར་རྒྱས་དེ་ཙམ་མེད་པར་རྗེས་ལུས་ཐེབས་པའི་རྣམ་པ་གསལ་པོ་བྱུང་ཡོད་རེད་ ཁོང་ནི་རྒྱ་གར་གྱི་དམར་ཤོག་ཚོགས་པའི་དབུ་ཁྲིད་སྐད་གྲགས་ཆེ་ཤོས་དེ་ཆགས་ཡོད་པ་རེད་ འོན་ཀྱང་ཁོང་ལ་སྐྱོན་བརྗོད་བྱེད་མཁན་ཚོས་ ཁོང་སྤྱི་ཚོགས་རུང་ལུགས་པ་ཡིན་པ་ལས་ དམར་ཤོག་རིང་ལུགས་པ་ཡང་དག་པ་ཞིག་མིན་ལུགས་བརྗོད་བཞིན་པ་རེད༎