རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་༧གོང་ས་མཆོག་ལ་གྱ་སྟོན་བཤམས་པ།

རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་༧གོང་ས་མཆོག་ལ་གྱ་སྟོན་བཤམས་པ། ༢༠༡༦།༡།༤
རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་༧གོང་ས་མཆོག་ལ་གྱ་སྟོན་བཤམས་པ། ༢༠༡༦།༡།༤ (OHHDL)

དེ་ཡང་འདི་ཚེས་༤ཉིན་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠་ཕེབས་པར། ༧མགོན་པོ་གང་ཉིད་ལ་ཡིད་སྨོན་ཞུ་མཁན་རྒྱ་གར་གྱི་ཆེས་མཐོའི་མི་སྣ་རྣམས་ཀྱིས་༧མགོན་པོ་གང་ཉིད་ཀྱི་སྐུའི་འཕྲོད་བཞེས་བཟང་བ་དང་། སྐུ་ཚེ་ཞབས་པད་བརྟན་པའི་དགའ་སྟོན་ཞིག་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་སྔ་ལོའི་ཕྱི་ཟླ་༧་པའི་ནང་དགུང་གྲངས་༨༠་ཕེབས་པར། འཛམ་གླིང་གི་ས་ཕྱོགས་གང་སར་སྐུའི་རྒྱ་སྟོན་སྲུང་བརྩི་ཟབ་རྒྱས་ཞུས་ན་ཡང་༧མགོན་པོ་གང་ཉིད་མཛད་འབྲེལ་ཆེ་བའི་རྐྱེན་གྱིས་རྒྱ་གར་གྱི་སྐུའི་གྲོགས་པོ་གྲོགས་མོ་དང་། ༧གང་ཉིད་ལ་གུས་བརྩི་དང་ཡིད་སྨོན་ཞུ་མཁན་རྒྱ་གར་གྱི་ཆེས་མཐོའི་མི་སྣ་རྣམས་ཀྱིས་༧གོང་ས་མཆོག་དབུ་བཞུགས་ཐོག་དགའ་སྟོན་ཞུ་རྒྱུའི་གོ་སྐབས་མ་བྱུང་སྟབས། དེ་རིང་ཕྱི་ཟླ་དང་པོའི་ཚེས་༤་སྟེ་གཟའ་ཟླ་བའི་ཉིན་རྒྱལ་ས་ལྡི་ལི་གསར་པའི་Oberoi Hotelགསོལ་མགྲོན་ཁང་ནང་ཉིན་དགུང་ཕྱག་ཚོད་༡༢་ནས་ཕྱི་དྲོའི་ཕྱག་ཚོད་༥་བར་མཛད་སྒོ་ཟབ་རྒྱས་ཤིག་འཚོགས་ཡོད་པ་རེད། སྐབས་དེར་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་Manmohan Singhམཆོག་དང་། སྲིད་བློན་སྐུ་གཞོན་ཟུར་པ་L. K. Advani་མཆོག་གི་གཙོས་གནད་ཡོད་མི་སྣ་མང་པོ་དང་། ༢༠༡༤ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་Kailash Satyarthiམཆོག དེ་བཞིན་རྒྱ་གར་གྱི་སྒྱུ་རྩལ་བ་སྙན་གྲགས་ཅན་Ustad Amjadདང་། Amaan Ali Khan དེ་བཞིན་Ayaan Ali Khanསོགས་ཀྱང་ཕེབས་ཡོད་པ་རེད།
༧གོང་ས་མཆོག་གིས་དེར་བསྡུས་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་གནང་མཛད་ཡོད་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠་ཕེབས་པར་རྒྱ་གར་གྱི་ཆེས་མཐོའི་མི་སྣ་རྣམས་ཀྱིས་༧མགོན་པོ་གང་ཉིད་ལ་ཆེ་བསྟོད་ཀྱི་དུས་ཆེན་སྲུང་བརྩིའི་མཛད་སྒོ་དེ་བཞིན་དྲ་རྒྱ་བརྒྱུད་ནས་ཐད་ཀར་རྒྱང་སྲིང་ཞུས་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་ཀླུ་འབུམ།