ཨན་ན་ཧ་ཛ་རིས་ཟས་བཅད་མཚམས་འཇོག་བྱས་པ།

རྒྱ་གར་ནང་མ་ཧཏ་མ་གན་རྡིའི་རྗེས་འབྲངས་པ་ཨ་ན་ཧ་ཛ་རེ་ཡིས་རྒྱལ་ཁའི་ངང་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་འདུག

2011.08.28

༄༅༎མ་ཧཏ་མ་གན་རྡིའི་རྗེས་འབྲངས་པ་ཨ་ན་ཧ་ཛ་རེ་ཡིས་སྦྲང་རྩི་དང་བེ་ཏའི་འབྲས་བུའི་ཉིང་ཁུ་འདྲེས་མ་རིགས་དམའ་བ་དང་ཁ་ཆེའི་བུ་མོ་ཆུང་ངུ་གཉིས་ཀྱིས་འདེགས་འབུལ་ཞུས་ལྟར་མཆོད་དེ་རེ་ཞིག་རྒྱལ་ཁའི་ངང་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་འདུག རྒྱ་གར་ནང་འགོ་ཁྲིད་དང་གཞུང་ཞབས་པ་ཚོས་ལྐོག་ཟ་འགོག་སྡོམ་ཡོང་ཆེད་ཟས་བཅད་ངོ་རྒོལ་ནང་བཞུགས་ནས་ཉིན་གྲངས་བཅུ་གསུམ་ཕྱིན་རྗེས་རྒྱ་གར་གྲོས་ཚོགས་ནང་སྤྱི་མོས་ཀྱིས་ཁོང་གི་དགོངས་འཆར་བཏོན་པ་ལྟར། ལྐོག་ཟ་འགོག་ཁྲིམས་ཀྱི་གྲོས་ཆོད་འཇོག་རྒྱུར་དགོངས་མཐུན་བྱུང་བར་བརྟེན། ཨ་ན་ཧ་ཛ་རེ་ཡིས་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་བ་ཡིན་པ་རེད། ཁོང་འཕྲལ་མ་ཉིད་དུ་སྨན་ཁང་དུ་གདན་འདྲེན་མ་ཞུས་གོང་ཁོང་གིས་རེ་ཞིག་ཟས་བཅད་ལས་འགུལ་མཚམས་འཇོག་གནང་བ་ཡིན་ཡང་ཁོང་གི་བཞེད་དགོངས་མཐའ་དག་མ་འགྲུབ་བར་འཐབ་རྩོད་རྒྱུན་འཁྱོང་གནང་རྒྱུ་ཡིན་ལུགས་དེར་འདུས་མི་མང་ལ་གསལ་བསྒྲགས་ཐུང་ངུ་ཞིག་གནང་ཅིང་།    མི་མང་རྣམས་ཀྱིས་ཐལ་མོ་དང་ཨ་ན་ཧ་ཛ་རེ་རྒྱལ་གྱུར་ཅིག་ཅེས་པའི་སྐད་འབོད་འབྲུག་སྒྲ་སྡིར་བ་བརྒྱབ་འདུག ཨ་ན་ཧ་ཛ་རེ་ཡིས་ལྐོག་ཟ་འགོག་སྡོམ་ཡོང་ཐབས་སུ་འདི་ལོ་ཕྱི་ཟླ་བཞི་པའི་ནང་ཟས་བཅད་ངོ་རྒོལ་ལས་འགུལ་དབུ་འཛུགས་གནང་ཞིང་། རྒྱ་གར་གཞུང་གིས་ཁོང་གིས་དགོངས་ཚུལ་གསུངས་པའི་རྩ་དོན་བཞི་ཅུ་ནས་རྒྱ་གར་གཞུང་གིས་རྩ་དོན་སུམ་ཅུ་སོ་བཞིར་མོས་མཐུན་གནང་ཡང་ད་དུང་དོན་ཚན་དྲུག་ལ་དགོངས་བཞེས་མ་གནང་སྟབས་ཁོང་གིས་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་གནང་བ་ཡིན་པ་རེད། འོན་ཀྱང་མཐར་ཁོང་གིས་བཏོན་པའི་དགོས་འདུན་དོན་ཚན་གསུམ་ལ་རྒྱ་གར་གྲོས་ཚོགས་ཀྱིས་ཁྲིམས་སུ་གཏན་འབེབས་གནང་རྒྱུའི་ཁས་ལེན་གནང་བ་ལྟར་ཁོང་གིས་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་བ་ཡིན་པ་རེད

ཨ་ན་ཧ་ཛ་རེ་ཡིས་བཏོན་པའི་དགོས་འདུན་དོན་ཚན་གསུམ་ནི། ལྐོག་ཟ་ཞིབ་དཔྱོད་ཀྱི་ཁྲིམས་ཡིག་གི་ཁྱབ་ཚད་འོག་རྒྱ་གར་གཞུང་གི་གཞུང་ཞབས་ཡོངས་རྫོགས་ཚུད་དགོས་པ་དང༌།    མི་མང་གི་བདེ་སྡུག་སྙན་ཞུ་ཁག་དུས་བཀག་ནང་ཚུད་ཐག་གཅོད་ཡོང་ཆེད་མི་མང་གི་རེའུ་མིག་ཅེས་པ་ཞིག་འགྲེམས་འཇོག་དགོས་པ། དབུས་གཞུང་གིས་ལྐོག་ཟ་ཞིབ་དཔྱོད་ལས་ཁང་གི་ཁྱབ་ཁོངས་འོག་མངའ་སྡེ་སོ་སོའི་ནང་ལྐོག་ཟ་ལྟ་ཞིབ་ལས་ཁང་དགོས་པ་བཅས་དོན་གསུམ་ཡིན་པ་རེད། ཨ་ན་ཧ་ཛ་རེ་ཡིས་ལྐོག་ཟ་འགོག་ཁྲིམས་ཀྱི་གྲོས་འཆར་མ་ལག་ཡོངས་རྫོགས་བསྐྱར་བཅོས་དགོས་པའི་དགོས་འདུན་ལ་རྒྱ་གར་རྒྱལ་ཡོངས་ནང་ཉིན་རེ་རྒྱབ་སྐྱོར་བཞིན་ཇེ་ཆེར་འགྲོ་བཞིན་པ་དང་། ད་ཆ་ཨ་ན་ཧ་ཛ་རེ་ཡིས་དགོས་འདུན་བཏོན་པ་ལྟར་གྲོས་ཚོགས་ཀྱིས་ལྐོག་ཟ་འགོག་སྡོམ་གྱི་ཞིབ་དཔྱོད་ཚོགས་ཆུང་འོག་རྒྱ་གར་གྱི་འགོ་ཁྲིད་དང་གཞུང་ཞབས་པ་མཐོ་མཐའ་བར་གསུམ་ཚང་མ་ཁྲིམས་འོག་ཏུ་བསྡུ་དགོས་པའི་ཁྲིམས་ཡིག་གཏན་འབེབས་གནང་རྒྱུར་གྲོས་ཚོགས་འཐུས་མི་རྣམས་སྤྱི་མོས་དང་དགོངས་མཐུན་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མང་གཙོའི་རྒྱལ་ཁ་ལོན་པ་ཡིན་པ་རེད།    འོན་ཀྱང་མང་གཙོའི་ལམ་སྲོལ་ནང་ཁྲིམས་ཡིག་གཏན་འབེབས་གནང་རྒྱུའི་བླ་ན་མེད་པའི་སྐུ་དབང་ནི། གྲོས་ཚོགས་ཁོ་ནར་ཡོད་པ་རྒྱ་གར་གྱི་སྲིད་བློན་གཙོས་པས་འབྲེལ་ཡོད་འགོ་ཁྲིད་ཚོས་གྲོས་ཚོགས་དང་མི་མང་བཅས་པར་གསལ་བཤད་གང་ཐུབ་གནང་གི་ཡོད་ཀྱང་ཨ་ན་ཧ་ཛ་རེ་ཡིས་རྒྱལ་ས་སྡི་ལིར་ཡོད་པའི་དབུས་གྲོས་ཚོགས་ཀྱིས་མི་མང་གི་གྲོས་ཚོགས་ལ་འགན་ཁུར་དགོས་ལུགས་དང་། མི་མང་གི་གྲོས་ཚོགས་ནི་བླ་ན་མེད་པ་ཡིན་ལུགས་ གཏམ་བཤད་གནང་འདུག མི་མང་གི་གྲོས་ཚོགས་ཞེས་པ་ནི་རྒྱ་ཆེའི་མི་མང་ལ་གོ་དགོས་ཀྱི་ཡོད་པ་རེད། འབྱུང་འགྱུར་འོས་བསྡུའི་ལམ་ལུགས་དང་ཤེས་རིག་ ཞིང་པ་དང་ངལ་རྩོལ་བའི་ཐོབ་ཐང་བཅས་བཟང་དུ་གཏོང་ཐབས་སུ་ལས་འགུལ་སྤེལ་འཆར་ཡོད་ལུགས་གསལ་བསྒྲགས་གནང་འདུག།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎